མང་གཙོ་ཚོགས་པའི་ཚོགས་འདུ།
དང་པོ་མང་གཙོ་ཚོགས་པའི་འགན་འཛིན་འཆི་མེད་གཡུང་དྲུང་གིས་ཚོགས་འདུའི་དགོས་དམིགས་སྐོར་གསུང་བཤད་གནང་རྗེས། དམིགས་བསལ་སྐུ་མགྲོན་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་གཉིས་འོས་འདེམས་ཀྱིས་ཡར་ཕེབས་ཡོང་དུས། བོད་མི་ས་ཡ་དྲུག་གི་དོན་དུ་ཕྱག་ལས་གནང་བར་ཕེབས་ཀྱི་ཡོད་རེད་མ་གཏོགས། དེ་མིན་ཆོལ་ཁ་གཅིག་དང་ཆོས་ལུགས་གཅིག དེ་མིན་གཞིས་ཆགས་གཅིག་པ་དང་སློབ་གྲྭ་གཅིག་པའི་དོན་དུ་ཕེབས་པ་རྩ་བ་ནས་མ་རེད། དེར་བརྟེན་ངོ་དགའ་ཕྱོགས་ཞེན་མ་ཡིན་པར་བོད་མི་ས་ཡ་དྲུག་གི་དོན་དུ་ལས་ཀ་བྱེད་མཁན་ཞིག་འོས་འདེམས་བྱེད་དགོས་པ་རེད་ཅེས་མང་གཙོ་ཚོགས་པའི་གྲོས་གཞི་དང་འབྲེལ་བའི་གསུང་བཤད་གནང་སོང།
དེ་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོས་གསུང་དོན། མང་གཙོ་ཚོགས་པའི་ངོས་ནས་འོས་མི་ཁྱབ་བསྒྲགས་སྐབས་སུ་ལངས་ཕྱོགས་འདྲ་མིན་འཛིན་གྱི་འོས་མི་འདྲ་མིན་འདོན་གྱི་ཡོད་པ་ལྟ་བུ་མཐོང་བྱུང། ངས་བལྟས་ན་མང་གཙོ་ཚོགས་པའི་ལངས་ཕྱོགས་དང་མཐུན་པའི་རང་བཙན་གྱི་ལྟ་བ་འཛིན་མཁན་མི་ལྔ་དྲུག་ལས་མེད་ཀྱང་དེ་འདྲ་ཞིག་འོས་མི་འདོན་ཐུབ་ན་ཚོགས་པའི་ལངས་ཕྱོགས་དང་འབྲེལ་བ་ཡོད་པ་ཞིག་དང། ཚོགས་པ་ལ་ལངས་ཕྱོགས་ཡོད་པ་ལྟ་བུ་ཆགས་ཀྱི་ཡོད་རེད་ཅེས་དང། ང་འདིར་ཡོང་དོན་ནི། མང་གཙོ་ཚོགས་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་དུ་ཡོང་བ་མིན། ང་ལ་མཚོན་ན་༸རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གང་གནང་བ་དེར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཞེས་ལངས་ཕྱོགས་ཀྱི་དབྱེ་མཚམས་གསལ་པོའི་ཐོག་ནས་གསུང་བཤད་ཟབ་རྒྱས་གནང་སོང།
ད་ཐེངས་ཀྱི་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པའི་གྲོས་གཞི་ཁག་ནི། དང་པོ། བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པའི་འོས་འདེམས་བྱེད་ཕྱོགས་དང། ས་གནས་ཁག་ཏུ་བརྒྱུད་བསྒྲགས་ཇི་ལྟར་བྱེད་དགོས་མིན་སྐོར། གཉིས་པ། དབུས་རྒྱུན་དང་དབུས་རྒྱུན་ཟུར་པ། ས་གནས་ཁག་བཅས་ཀྱི་སྤྱི་འཐུས་ཀྱི་མི་འགྲོ་རྣམས་ཚོགས་དྲུང་ལ་རྩིས་འབུལ་ཞུ་རྒྱུ་དང། གྲངས་བཤེར་འཐུས་ཚང་གནང་རྒྱུ། གསུམ་པ། བཀའ་བློན་ཁྲི་པ་སྐབས་གསུམ་པའི་འོས་འདེབས་བྱེད་ཕྱོགས་དང། ས་གནས་ཁག་ཏུ་བརྒྱུད་བསྒྲགས་ཇི་ལྟར་བྱེད་དགོས་མིན་སྐོར། བཞི་པ། དབུས་རྒྱུན་དང་དབུས་རྒྱུན་ཟུར་པ། ས་གནས་ཁག་བཅས་ཀྱི་བཀའ་ཁྲིའི་མི་འགྲོ་རྣམས་ཚོགས་དྲུང་ལ་རྩིས་འབུལ་ཞུ་རྒྱུ་དང། གྲངས་བཤེར་འཐུས་ཚང་གནང་རྒྱུ་བཅས་ཡིན་པ་རེད།
དེ་བཞིན་ཕྱི་ལོ་༢༠༠༨ ཟླ་༩ ཚེས་༡༤ ནས་ཕྱི་ལོ་༢༠༡༠ ཟླ་༡ ཚེས་༣༡ བར་གྱི་མང་གཙོ་ཚོགས་པའི་བྱུང་སོང་གི་རྩིས་ཁྲའི་ནང་དུ་འཁོད་པ་ལྟར་ན། དེ་སྔོན་གྱི་དངུལ་ལྷག་གི་ཐོག་ཏུ་ཞལ་འདེབས་བྱུང་བ་སོགས་བསྡོམས་ཚུར་བྱུང་བ་ཧིན་སྐོར་༢༣༤༤༧༠༣།༨ དང། ཕར་འགྲོ་གྲོན་བཏང་བ་བསྡོམས་ཧིན་སྒོར་༢༠༢༡༩༩༠།༤༡ བཅས་ཡིན་པ་རེད།
ཉིན་གཉིས་ཀྱི་ཚོགས་འདུ་མཇུག་སྒྲིལ་རྗེས། ཟླ་འདིའི་ཚེས་༢༩ གཟའ་ཟླ་བའི་ཉིན་སྔ་དྲོའི་ཆུ་ཚོད་༡༡ ཐོག་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཡིག་ཚང་དུ་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་རྒྱུ་ཡིན་པ་རེད།།