འཛམ་གླིང་ཞི་བདེ་ཡོང་ཆེད་དུས་དབང་གོ་སྒྲིག་བྱས་རེད།
ཟླ་འདིའི་ཚེས་༧ ཉིན་ཏེ་དུས་དབང་སྔོན་འགྲོའི་གསུང་ཆོས་ཀྱི་ཉིན་གསུམ་པར། རྡོར་གདན་གསུང་ཆོས་ར་བའི་ནང་། སྲིད་སྐྱོང་བློ་བཟང་སེང་གེས་ཆོས་ཞུ་བར་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེས་“བོད་མིའི་སྒྲིག་འཛུགས་ངོས་ནས་༧གོང་ས་མཆོག་ལ་དུས་འཁོར་དབང་ཆེན་གནང་རོགས་ཞུ་དགོས་པ་དེ་འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་འཕེལ་ཆེད་དང་བོད་བསྟན་པ་ཆབ་སྲིད་ཆེད་སྤྱི་པའི་བསོད་ནམས་བསག་ཆེད་ཡིན་པས། སྤྱི་པའི་བསོད་ནམས་འཕེལ་ཆེད་ང་ཚོ་ཚང་མས་ཐུགས་སྨོན་གནང་དགོས་པ་རེད། ང་ཚོ་ཚང་མས་༧གོང་ས་མཆོག་གི་མདུན་ནས་དུས་འཁོར་དབང་ཆེན་ཞུ་ཡི་ཡོད་པ་རེད་ལ། ང་ཚོས་༧གོང་ས་མཆོག་ལ་ཕུལ་ཐུབ་པ་དེ་དུས་རྒྱུན་དུ་༧གོང་ས་མཆོག་གིས་བཀའ་གནང་བཞག་པ་དེ་ལག་བསྟར་གནང་ན། ཁོང་ལ་གསོལ་རས་བཟང་ཤོས་ཡག་ཤོས་དེ་ཡིན་ཞེས་བཀའ་གནང་གི་ཡོད་པས། དུས་རྟག་ཏུ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་དགོས་པ་དང་། ༧གོང་ས་མཆོག་གི་སྐུ་ཚེ་རིང་པོར་གནས་པོར་ཤོག་ཅེས་ཚང་མས་ཐུགས་སྨོན་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་”ཅེས་གསུངས་སོང་།
དེ་བཞིན་སྲིད་སྐྱོང་གིས་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། དུས་དབང་སྐབས་རྒྱ་གར་གཞུང་མང་དང་། སྲི་ཞུ་ལས་བྱེད་པ་རྣམས། དང་བླངས་ཞབས་ཞུ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས་རྡོར་གདན་ནས།
