བོད་དང་ཤིན་ཅང་ནས་ཡོང་བའི་མི་ལ་དམ་དྲག་བྱོས།

དེ་ཡང་ཟླ་འདིའི་ཚེས་༣ ཉིན་ཨ་རིའི་ཨི་པཱོ་ཆིའི་དུས་བབས་ཀྱི་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ལོ་འདིའི་ཟླ་བ་ལྔ་པའི་ཚེས་༡ ནས་འགོ་འཛུགས་ཀྱིས་ཟླ་གྲངས་འགའི་རིང། ཧྲང་ཧེའི་འཛམ་གླིང་དངོས་མང་འགྲེམས་སྟོན་འདུ་ཚོགས་འཚོགས་གཏན་ཁེལ་ཡོད་པ་དང་། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་༢༤༠ ཙམ་གྱི་ལྟད་མོ་བ་དང་། སྒྱུ་རྩལ་འཁྲབ་སྟོན་པ། དངོས་མང་འགྲེམས་སྟོན་པ་སོགས་འཛུལ་ཞུགས་བྱེད་རྒྱུ་ཡིན་པ་དང། དེ་དང་བསྟུན་ནས་ཡུལ་དེ་དག་གི་གསར་འགོད་པ་ཚོའང་འཛུལ་ཞུགས་བྱེད་རྒྱུ་ཡིན་པས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་ནས་ཡོང་བའི་མི་སུ་འདྲ་ཞིག་ཡིན་རུང། མགྲོན་ཁང་གི་བདག་པོ་ཚོས་ལུས་བཤེར་དང་ཞིབ་དཔྱོད་བྱེད་དགོས་པ་དང། དེ་བཞིན་འདུ་ཚོགས་ཀྱི་རིང་ལ་གྲི་བཙོང་མཁན་རྣམས་ལ་དམ་དྲག་བྱེད་དགོས་དགོས། གལ་སྲིད་གྲིའི་ཚོང་ཁང་བདག་པོ་ཚོས་འདུ་ཚོགས་ཀྱི་རིང་ལ་ཚོང་གཉེར་བྱེད་འདོད་ན། ངེས་པར་དུ་གཞུང་ལ་བཀའ་ཁྲོལ་ཞུ་དགོས་པ་དང། དེ་མིན་ཁྲོམ་གཞུང་ཁག་ཏུ་གྲི་ཡི་རིགས་བཙོང་མཁན་བྱུང་ན། བདུན་རེ་བཞིན་སྐོར་སྲུང་བ་ཚོས་ས་གནས་ཉེན་རྟོག་པར་བརྡ་ལན་སྐྱེལ་དགོས་པའི་བཀོད་ཁྱབ་བཏང་ཡོད་འདུག
གསར་འགྱུར་དབྱེ་ཞིབ་པ་ཚོས་འདུ་ཚོགས་དེའི་རིང་གྲི་བཙོང་མི་ཆོག་པའི་སྐོར་བརྗོད་དོན། པེ་ཅིང་དུ་འཛམ་གླིང་རྩེད་འགྲན་ཆེན་མོའི་སྐབས་དང་། ལོ་སྔོན་མར་རྒྱ་ནག་དམར་ཕྱོགས་ཚོགས་པ་དབུ་བརྙེས་ནས་ལོ་༦༠ འཁོར་བའི་དུས་དྲན་སྐབས། དེ་བཞིན་ད་ཐེངས་ཀྱི་ཧྲང་ཧེའི་འཛམ་གླིང་དངོས་མང་འགྲེམས་སྟོན་འདུ་ཚོགས་བཅས་གོ་སྒྲིག་བྱེད་ཆེད་དུ། མི་མང་སྟོང་ཕྲག་མང་པོ་རང་ས་ནས་བཙན་གྱིས་གནས་སྤོས་བཅུག་པ་དང། ཁང་ཁྱིམ་རྣམས་བཙན་གྱིས་གཏོར་ཏེ་རྩེད་ཐང་བཟོས་པ་སོགས། མི་མང་ལ་བརྡབ་གསིག་མང་པོ་བཏང་བའི་རྐྱེན་གྱིས་མི་མང་གིས་འཁོན་འཛིན་བྱེད་ཀྱི་ཡོད་པ་རེད། དམར་ཕྱོགས་ཚོགས་པའི་ལོ་༦༠ དུས་དྲན་སྐབས། མི་གཉིས་ལ་གྲི་བཙུགས་ནས་བསད་པ་དང་མི་༡༣ རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་ཅེས་དང། ད་ཐེངས་ཀྱི་འདུ་ཚོགས་འདིིའི་རྩེད་ཐང་དང་འགྲོ་ལམ་གྱི་ཆེད་དུ། ཁང་ཁྱིམ་༡༠༠༠ མ་ཟིན་ཙམ་གཏོར་བཤིག་དང་། མི་གྲངས་༣༥༠༠ ལྷག་ཙམ་རང་ཁྱིམ་ནས་གནས་སྤོས་བཅུག་པ། དེ་བཞིན་ཅ་དངོས་ཀྱི་གུན་གསབ་སྤྲོད་སྐབས་ཁྲོམ་རའི་གོང་ཚད་ལས་ལྡབ་འགྱུར་དམའ་རུ་བཏང་ཡོད་པས། མི་མང་གིས་པེ་ཅིང་དུ་གུན་གསབ་ལུགས་མཐུན་དགོས་པའི་ཞུ་གཏུགས་ཀྱི་སྙན་ཞུ་ཐེངས་མང་ཕུལ་བས། ཧྲང་ཧེ་ཉེན་རྟོག་ལས་ཁུངས་ཀྱིས་སྙན་ཞུ་འབུལ་མཁན་ཚང་མ་བཙོན་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
བོད་ལྗོངས་ཆ་འཕྲིན་ཟེར་བའི་དྲ་ལམ་དུ། འདུ་ཚོགས་འདིའི་སྐབས་སུ་ཧྲང་ཧེའི་འཛམ་གླིང་དངོས་མང་འགྲེམས་སྟོན་འདུ་ཚོགས་སུ། བོད་ལྗོངས་ཀྱི་བྱེད་སྒོའི་གཟའ་འཁོར་ཟེར་བ་ཟླ་༩ ཚེས་༡ ཉིན་ནས་ཚེས་༦ ཉིན་བར་སྤེལ་རྒྱུ་ཡིན་ཞིང་། བོད་ལྗོངས་བྱེད་སྒོའི་གཟའ་འཁོར་སྐབས་སུ་མཁའ་དབྱིངས་སུ་གནས་པའི་བོད་ལྗོངས་ཞེས་པ་དང་། གངས་ལྗོངས་ཀྱི་སྨོན་འདུན། གངས་ལྗོངས་ཀྱི་ཁྱད་ནོར། གངས་ལྗོངས་འཕུར་མཆོང་ཞེས་པ་སོགས་བརྗོད་བྱར་བྱས་པའི་འཁྲབ་སྟོན་འབུལ་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།