རིགས་གཅིག་རྐང་འཛིན་ཡོང་ཐབས་ཀྱི་སྦྱོང་བརྡར།

སྐབས་དེར་གོ་སྒྲིག་པ་བཀྲ་ཤིས་དབང་དུས་དང། བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལེགས་གཉིས་ཀྱིས་ལམ་སྟོན་གཏམ་བཤད་གནང་བ་དང་། ལོ་སྔོན་མའི་རིགས་གཅིག་རྐང་འཛིན་གྱི་རྐུབ་སྟེགས་ལོན་མཁན་སློབ་མ་གཉིས་ཀྱིས་སློབ་སྦྱོང་བྱེད་སྟངས་སྐོར་གྱི་ཉམས་མྱོང་ལམ་སྟོན་བྱས་རྗེས་དྲི་བ་དྲི་ལན་ཡང་བྱས་སོང་། སི་ཨི་ཌི་ཟེར་བའི་སྔོན་འགྲོའི་སྦྱོང་བརྡར་གྱི་གོ་སྐབས་འདི་ནི་ཀར་ཎ་ཌ་ཀ་མངའ་སྡེ་གཞུང་གིས་ཕྱི་ལོ་༡༩༨༦ ལོར་མི་མང་དཀྱུས་མ་དང་ཉམས་ཆུང་གི་ཕྲུ་གུ་རིགས་གཅིག་རྐང་འཛིན་ཐོག་སློབ་སྦྱོང་བྱེད་མཁན་ཚོར་དམིགས་ནས་སི་ཨི་ཌི་ཟེར་བའི་སྔོན་འགྲོའི་སྦྱོང་བརྡར་གྱི་གོ་སྐབས་འདི་བཙུགས་པ་ཞིག་དང། ཀར་ཎ་ཌ་ཀའི་མངའ་སྡེའི་ནང་ལོ་བདུན་ལ་སློབ་གྲྭར་འགྲོ་མྱོང་མཁན་ཞིག་ཡིན་ན་གོ་སྐབས་འདི་རག་གི་ཡོད་འདུག རྡི་ལུ་དོན་ཅོད་དྲུང་ཆེ་ཟུར་པ་བཀྲ་ཤིས་དབང་འདུས་ལགས་ཀྱིས། ང་ཚོ་བོད་ཀྱི་སློབ་མ་ཚན་རིག་ཐོག་སློབ་སྦྱོང་ཐོན་མཁན་མང་པོ་ཞིག་སྔོན་མ་ནས་རིགས་གཅིག་རྐང་འཛིན་ཐོག་སློབ་སྦྱོང་གི་གོ་སྐབས་རག་ཐབས་བྱས་འདུག་ཀྱང་། ཕ་མ་འབྱོར་ལྡན་དང་ཤེས་ཡོན་ཅན་ཀྱི་བུ་ཕྲུག་འགའ་རེས་སི་ཨི་ཌི་སློབ་ཁྲིད་འདི་བརྒྱུད་རིགས་གཅིག་རྐང་འཛིན་ཐོག་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ལས་གཞན་ཕར་ཆེར་བྱུང་མ་མྱོང་བ་ལྟ་བུ་རེད་ཅེས་དང། ཁོང་གིས་མུ་མཐུད་གསུང་དོན། ང་སྦེལ་ཀོབ་ལ་སླེབས་ནས་འདིའི་སྐོར་ལ་ཞིབ་འཇུག་བྱས་རྗེས་༢༠༠༨ ལོར་སྦེལ་ཀོབ་ཀྱི་སློབ་མ་ཁ་ཤས་ལ་ཀུ་ཤལ་ན་གྷར་དུ་སྦྱོང་བརྡར་འདི་འདྲ་ཞིག་གོ་སྒྲིག་བྱས་པ་ཡིན་ལ། ཤེས་རིག་ལས་ཁུངས་སུ་ཡར་ཞུས་པའི་མཐུན་འགྱུར་འོག་སློབ་ཕྲུག་བཞི་བཅུ་ལྷག་ལ་སྦྱོང་བརྡར་སྤྲད་རྗེས་སློབ་ཕྲུག་གསུམ་གྱིས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་གོ་སྐབས་རག་པ་རེེད། ད་ལོ་ཤེས་རིག་ནས་འགྲོ་སོང་གཏོང་གི་མི་འདུག སྦེལ་ཀོབ་ལུགས་བདེ་གཉིས་དང་མོན་གྷོ་འདོད་དགུ་གླིང་བཅས་ཀྱི་མཉམ་འབྲེལ་ཀྱིས་མཐུན་འགྱུར་འགྲོ་གྲོན་འོག་སློབ་མ་༣༣ ལ་ཟབ་སྦྱོང་འདི་ཟླ་གཅིག་གི་རིང་སྤྲོད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང།
ལོ་སྔོན་མ་གོ་སྐབས་འདི་བརྒྱུད་ནས་རྩིས་འཕྲུལ་ཐོག་རིགས་གཅིག་རྐང་འཛིན་བྱེད་མཁན་པདྨ་རྣམ་རྒྱལ་ལགས་ཀྱིས་གསུང་དོན། ང་ལ་བཀའ་ཤིས་དབང་འདས་ལགས་ཀྱིས་གོ་སྒྲིག་བྱས་པའི་སྦྱོང་བརྡར་འདི་མ་ཐོབ་པ་ཡིན་ན་ད་ལྟའི་ངའི་སློབ་སྦྱོང་གི་གོ་སྐབས་འདི་རྙེད་མི་ཐུབ་པ་ཞིག་རེད། ངའི་དཔལ་འབྱོར་གྱི་འདང་གི་མ་རེད་ལ། རྒྱ་གར་སློབ་ཕྲུག་ཚོར་ཆུང་དུས་ནས་སི་ཨི་ཌི་གྲ་སྒྲིག་སློབ་ཁྲིད་ཡོད་ཡོད་པ་རེད། ང་ཚོ་བོད་ཕྲུག་ཚོར་འདི་འདྲ་ཡོད་པ་མ་རེད། དེ་མེད་ན་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་རག་ཐབས་མེད་པ་རེད་ཅེས་འགྲེལ་བརྗོད་བྱས་སོང་། དེ་བཞིན་སོའི་སྨན་པའི་རིགས་གཅིག་རྐང་འཛིན་པ་འཇིགས་མེད་ཆོས་སྒྲོན་གྱིས། ངའི་ནང་མི་ཞིང་པ་ཡིན་པ་དང་འབྱོར་ལྡན་མིན་པས། གོ་སྐབས་འདི་འདྲ་ཞིག་མེད་ན། སོ་ཡི་ཨེམ་རྗེ་ཡི་རིགས་གཅིག་རྐང་འཛིན་གྱི་གོ་སྐབས་རྙེད་མི་ཐུབ་པ་རེད། གོ་སྐབས་འདི་མ་རག་ན་སྒོར་མོ་འབུམ་བཅོ་ལྔ་ནས་ཉི་ཤུ་བར་གཏོང་དགོས་རེད་ཅེས་གོ་སྐབས་དེའི་དགེ་ཕན་སྐོར་འགྲེལ་བཤད་བྱས་སོང་།། མེ་སོར་གསར་འགོད་པས་མེ་སོར་གྲོང་ཁྱེར་ནས།