༧གོང་ས་མཆོག་སི་ལོ་ཝེ་ནི་ཡར་ཆིབས་བསྒྱུར།

ཕྱི་ཚེས་༦ ཉིན་༧གོང་ས་མཆོག་གིས་གྲོང་ཁྱེར་དེར་ཡོད་པའི་སྐྱེད་མོས་ཚལ་ཞིག་ཏུ་ལྗོན་ཤིང་འདེབས་འཛུགས་དང། གྲོང་ཁྱེར་དེའི་སློབ་གྲྭ་ཆེ་བ་ཐོག་མ་ཡིན་པའི་མདུན་ཐང་དུ་བཀའ་སློབ་གནང་རྒྱུ་དང། ཌོབ་རཱ་ན་ཏ་བྷོར་ཞེས་པའི་ཚོགས་ཁང་ཆེན་མོ་རུ་《སྟོང་ལོ་གསར་པའི་ཀུན་སྤྱོད་》ཅེས་པའི་བརྗོད་གཞིའི་ཐོག་མི་མང་༥༠༠༠ ཙམ་ལ་བཀའ་སློབ་གནང་འཆར་ཡོད་པ་རེད། ཕྱི་ཚེས་༧ ཉིན་གྱི་སྔ་དྲོར་ཡུ་རོབ་ཤེས་ཡོན་སྒྱུ་རྩལ་ལྟེ་གནས་ཁང་དང་མ་རི་བྷོར་གཙུག་ལག་སློབ་ཁང་གཉིས་ཀྱི་གདན་ཞུའི་ཐོག་སི་ལོ་ཝེ་ནི་ཡའི་རྒྱལ་ཡོངས་འཁྲབ་སྟོན་ཁང་དུ་《སྙིང་རྗེ། བདེ་སྐྱིད་བསྐྲུན་ཐབས་ཤིག》ཅེས་པའི་བརྗོད་གཞིའི་ཐོག གྲོས་ཚོགས་མི་སྣ་དང། ཤེས་ཡོན་ཅན་གྱི་མི་སྣ་སོགས་མི་གྲངས་༨༨༠ ཙམ་ལ་བཀའ་སློབ་གནང་རྒྱུ་ཡིན་པ་རེད།
ཕྱི་ཚེས་༧ ཉིན་༧གོང་ས་མཆོག་རྒྱལ་ཁབ་དེ་ནས་སུད་སི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་དང། ད་ཐེངས་ཀྱི་ཆིབས་བསྒྱུར་འདི་སི་ལོ་ཝེ་ནི་ཡར་ཆིབས་བསྒྱུར་གནང་བ་ཐེངས་གཉིས་པ་ཆགས་ཡོད་པ་རེད།།