ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་གྱི་འདས་མཆོད་སྨོན་ལམ།
ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་ནིའུ་ཡོག་ས་གནས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་སྐུ་གྲོངས་ནས་ལོ་གཅིག་འཁོར་བའི་འདས་མཆོད་སྨོན་ལམ་འཚོགས་ཡོད་པ་རེད།
འདས་མཆོད་གོ་སྒྲིག་པ་ཚོས་དམ་པ་ཁོང་གི་སྙིང་སྟོབས་དང་ལར་ཞེན། ཆོད་སེམས། ཁ་ཕྱོགས་བཅས་ལ་ཡི་རངས་དང་རྗེས་དྲན་མཚོན་པའི་ཆེད་དུ་ལོ་ལྟར་འཆར་ཅན་འདས་མཆོད་སྨོན་ལམ་འཚོག་གཏན་འཁེལ་ཡོད་སྐོར་དང་། ཁོང་ནི་བོད་རང་བཙན་དང་བདག་དབང་བསྐྱར་གསོའི་བྱ་བཞག་ལ་འབད་པ་ཧུར་ལེན་གནང་མཁན་ཞིག་ཡིན་སྐོར་བརྗོད་འདུག
སྐུ་ཞབས་ཀརྨ་ཆོས་འཕེལ་ནི་༢༠༡༦ ལོའི་ཟླ་༡ ཚེས་༣༠ ཐོ་རངས་ཁར་སྐུ་གྲོངས་ཡོད་པ་དང་། ཁོང་གི་སྐུ་ཚེའི་རིང་གཞོན་ལྷན་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སོགས་གནང་བ་མ་ཟད། བོད་རང་བཙན་འཐབ་རྩོད་ཀྱི་ལངས་ཕྱོགས་བརྟན་པོ་བཟུང་སྟེ། ཕྱག་ལས་གནང་མཁན་ཞིག་ཡིན་པ་རེད།