ཏཱ་ལའི་བླ་མ་བེད་སྤྱད་ན་ཨ་རིར་གྱོང་རག་རྒྱུ་ཡིན་སྐོར་རྒྱ་ནག་གིས་བརྗོད་འདུག
ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་དུས་བབ་ཐོག་གནས་ཚུལ་འཁོད་གསལ་ལྟར་ན། བོད་ཀྱི་ལས་དོན་ཐོག་ལ་ལས་ཀ་བྱེད་མཁན་རྒྱ་ནག་གཞུང་གི་ལས་བྱེད་མི་སྣ་རྒན་པ་ཞིག་གིས། ཨ་རིས་ཏཱ་ལའི་བླ་མའི་མཚན་བེད་སྤྱོད་བྱས་ནས་རྒྱ་ནག་ལ་དཀའ་ངལ་བཟོ་རྒྱུ་དེ་ངེས་པར་དུ་འཚམས་འཇོག་དགོས་སྐོར་རྒྱ་ནག་གིགཞུང་འབྲེལ་གསར་འགྱུར་རྒྱུད་ལམ་ཞིག་ལ་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༣ ཚིག་རྣོན་པོ་དང་རྩུབ་པོ་བེད་སྤྱད་ནས་རྒྱ་ནག་གི་རྒྱལ་ཞེན་རྩོམ་སྒྲིག་པའི་གཏམ་མང་པོ་སྤེལ་ཡུལ་གྱི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་སྟེང་། རྒྱ་ནག་གཞུང་གི་ཆོས་དང་མི་རིགས་ལས་དོན་ལྷན་ཚོགས་ཀྱི་འགན་འཛིན་ཀྲུའུ་ཝེ་ཆེན་གྱིས། ཨ་རིས་ཏཱ་ལའི་བླ་མའི་མཚན་བྱང་བེད་སྤྱོད་བྱས་ན། ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་ཚབ་ལ་གནོད་སྐྱོན་བཏང་བ་ཙམ་མ་གཏོགས། རང་ཉིད་ལ་ཁེ་ཕན་གང་ཡང་མེད་པའི་སྐོར་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་གསར་པ་སྐུ་ཞབས་རེག་སེ་ཊི་ལར་གྱིས། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་ཨ་རིའི་གཞུང་གིས་ཁས་ལེན་བྱེད་བཞིན་ཡོད་ཀྱང་། པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་གི་སྐུ་ཚབ། ཡང་ན་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་གྲོས་མོལ་མུ་མཐུད་ཡོང་ཐབས་སླད་ང་ཚོས་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུང་པ་དང་། པེ་ཅིང་སྲིད་གཞུང་གིས་གཙོས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་མིའི་ངོ་བོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་དང་གུས་བཀུར། དེ་བཞིན་མི་ཉམས་རྒྱུན་འཛིན་ཡོང་བར་མཐུན་འགྱུར་རོགས་རམ་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག
དེ་བཞིན་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་མིན་ཐད་ཀྱི་དྲི་བར་དྲུང་ཆེས་ཐེ་ཚོམ་མེད་པར་མཇལ་འཕྲད་ཞུ་རྒྱུ་ཡིན་ཞེས་ལན་འདེབས་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ནང་དུ་གསར་འགོད་པ་དང་ཉམ་ཞིབ་པ། གཞུང་འབྲེལ་མི་སྣ་སོགས་ལ་མཐོང་མཆན་མ་སྤྲད་པ་དང་། བོད་ནང་རང་དབང་ཐོག་ཕྱིན་ནས་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུར་དམ་དྲག་བཀག་འགོག་བྱེད་བཞིན་པ་དེ་ནི་དཀའ་ངལ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།།
གསར་འགོད་སྦྱོང་བརྡར་བ་ཐུབ་བསྟན་རྒྱལ་མཚན།