བོད་མི་གསུམ་ལ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་ལ་ཟླ་འདིའི་ཚེས་༡༢ ཉིན་བོད་ནས་གནས་ཚུལ་འབྱོར་བའི་ནང་འཁོད་དོན། ཨ་མདོ་རྔ་པའི་ཇོ་ལེབ་སྡེ་བའི་ཇོ་ཤེར་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་ཆོས་དར། རང་ལོ་༣༤ ཡིན་པ་ཁོང་ཕྱི་ལོ་༢༠༠༩ ཟླ་༨ ཚེས་༢༥ ཡས་མས་སུ་འཛིན་བཟུང་བྱས་ནས་ད་བར་ཐག་གཅོད་གང་ཡང་མ་བྱས་ཀྱང། ཟླ་འདིའི་ཚེས་༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྔ་པའི་ས་བྱི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པ་དང། ཆབ་སྲིད་བཙོན་ཟུར་ཡིན་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་༡༣ བཅད་ཡོད་འདུག་ལ། ཁོང་འཛིན་བཟུང་མ་བྱས་སྔོན་དུ་འཛིན་བཟུང་བརྡ་ཡིག་མང་པོ་སྦྱར་བར་མ་ཟད། ཁོང་རྒྱ་གཞུང་ལ་རྩིས་སྤྲོད་མཁན་ཡོད་ན་རྒྱ་སྒོར་འབུམ་གཉིས་ནས་གསུམ་བར་གྱི་རྔན་པ་སྤྲོད་རྒྱུ་ཡིན་ཚུལ་སོགས་ཀྱང་བརྡ་ཁྱབ་ཡི་གེ་སྔ་ཕྱིའི་ནང་འཁོད་འདུག་མོད། གོང་ཚེས་བར་ཁོང་བྲོས་བྱོལ་བྱས་ནས་ཐར་ཙམ་བྱུང་ཡང་སྐབས་དེར་ཁོང་རྔ་པ་རྫོང་ཐོག་གི་དོན་ཁོ་རྒྱག་པ་ཞེས་པའི་མི་ཚང་ནང་འཛིན་བཟུང་བྱས་ཤིང་དོན་ཁོ་རྒྱག་པ་དང་ཁོང་གི་གཟའ་ཟླ་བསོད་ལྷ་གཉིས་ཀྱང་བཀག་ཉར་བྱས་པ་དང༌། བསོད་ལྷ་གློད་གྲོལ་བྱས་ཀྱང་དོན་ཁོ་ད་དུང་གློད་མེད་འདུག ཕྱི་ལོ་༡༩༩༨ ལོར་རྔ་པའི་དགོན་པ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་བཙན་སྤེལ་བྱེད་སྐབས་ཁོང་ལ་བོད་རང་བཙན་གྱི་ཡི་གེ་མང་པོ་སྦྱར་འགྲེམས་བྱས་པའི་ནག་ཉེས་མིང་འོག་ལོ་༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ཕྱི་ལོ་༢༠༠༣ ལོར་བཙོན་གྲོལ་ཐོབ་ཡོད།
ཡང་རྔ་པ་ཇོ་ལེབ་སྡེ་བའི་ཞས་ཁོ་མ་ཚང་གི་འཇིགས་མེད། རང་ལོ་༤༠ ཡིན་པ་ཁོང་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༧ ཉིན་འཛིན་བཀག་ཉར་བྱས་པ་དང། ཟླ་འདིའི་ཚེས་༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཕྱི་ལོ་༢༠༠༦ ལོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་༧ བཅད་ཡོད་འདུག་ལ། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང༌། ཕྱི་ལོ་༡༩༩༢ ལོར་བོད་རང་བཙན་གྱི་ཡི་གེ་སྦྱར་འགྲེམས་བྱས་པའི་ནག་ཉེས་འོག་ལོ་གཅིག་ལྷག་རིང་ཐག་གཅོད་གང་ཡང་མ་བྱས་པར་རྔ་པ་ནས་བཀག་ཉར་བྱས།
རྔ་པ་ཇོ་ལེབ་སྡེ་བའི་མགོ་ཚང་གི་འཇམ་དབྱངས་ཕུན་ཚོགས་<འཇང་ཁོ༌>། རང་ལོ་༣༦ ཡིན་པ་ཁོང་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༣ ཉིན་གྱི་མཚོན་མོ་རང་ཤག་ནས་འཛིན་བཟུང་བྱས་པ་དེ་ནས་བཟུང་ད་བར་གར་ཡོད་ཙམ་གྱི་གནས་ཚུལ་འབྲེལ་ཡོད་ཚོས་ཤེས་རྟོགས་མ་བྱུང་བར་ལྷག་ཅིང༌། ཟླ་འདིའི་ཚེས་༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་༢༠༠༦ ལོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་༦ བཅད་ཡོད་འདུག་ལ། ལོ་སྔོན་མར་རྔ་པ་ཀིརྟི་དགོན་པའི་བཀྲ་བྷེས་རང་ལུས་མེར་སྲེག་གཏོང་སྐབས་ཉེན་རྟོག་པས་བཀྲ་བྷེར་མེ་མདའ་བརྒྱབ་པའི་གནས་ཚུལ་འཇང་ཁོས་རྫུན་བཟོ་བྱས་པ་ཡིན་ཚུལ་འཇང་ཁོ་ཁོ་རང་གིས་ཁས་བླངས་སོང་ཞེས་གནས་ཚུལ་རྫུན་བཟོ་བྱས་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་དྲ་བའི་ཐོག་ལ་ཐེངས་ཁ་ཤས་བཀོད་པ་རེད། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༢ ལ།