རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་རྩེད་འགྲན།
ཟླ་འདིའི་ཚེས་༨ ཉིན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཀོ་ལི་གྷལ་དོན་ལྡན་གླིང་དུ། བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ཐེངས་༢༣ པ་དེ་འགོ་འཛུགས་བྱས་ཡོད་པ་དང་། དེར་རུ་ཁག་༡༥ ཡི་བར་རྩེད་འགྲན་བྱེད་ཀྱི་ཡོད་པ་རེད།
ཐེངས་འདིར་རྩེད་འགྲན་ལ་མཉམ་ཞུགས་བྱེད་མཁན་རྒྱ་གར་ནས་རུ་ཁག་༡༤ དང་ཡུ་རོབ་ཧྥ་རན་སི་ནས་རུ་ཁག་༡ ཡོད་པ་དང་། འདི་ལོར་བལ་ཡུལ་ནས་མཉམ་ཞུགས་བྱེད་མཁན་བྱུང་མེད་འདུག
རྩེད་འགྲན་ཐེངས་༢༣ པ་དེ་ཟླ་འདིའི་ཚེས་༨ ནས་ཚེས་༡༩ བར་འཚོགས་རྒྱུ་ཡིན་པ་དང་། ཉིན་དེའི་རིང་རྩེད་འགྲན་པ་རྣམས་ལོ་སྔོན་མ་ལྟར་དྲ་ཐོག་བརྒྱུད་ཐད་ཀར་རྒྱང་སྲིངས་བྱེད་ཀྱི་ཡོད་པ་རེད། ལོ་སྔོན་མའི་རྩེད་འགྲན་དེ་ལྷོ་ཕྱོགས་མོན་གྷོ་ཊི་འདོད་རྒུ་གླེང་དུ་འཚོགས་ཡོད་པ་དང་། སྐབས་དེར་མཐའ་མའི་རྒྱལ་ཁ་དེ་སྦེལ་ཀོབ་རུ་ཁག་ལ་ཐོབ་ཡོད་པ་རེད།
རྩེད་འགྲན་དེ་ནི་༧གོང་ས་མཆོག་གི་མ་ཡུམ་བདེ་སྐྱིད་ཚེ་རིང་གི་དྲན་རྟེན་ཆེད་དུ། ཕྱི་ལོ་༡༩༨༡ ལོ་ནས་འགོ་བཙུགས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།