ཤུགས་ལྡན་ཚོགས་པའི་ཁྲིམས་གཏུག་རྩིས་མེད།
བོད་གཞུང་གི་དྲ་གནས་ཐོག་འཁོད་དོན། རྡོ་རྗེ་ཤུགས་ལྡན་ལྷ་མི་སྲུང་སྐྱོབ་ཚོགས་པས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ཕྱོགས་ནས་དོལ་རྒྱལ་རྗེས་འབྲང་པར་བརྙས་བཅོས་དང་སྡུག་སྦྱོང་གཏོང་གི་ཡོད་པའི་ཉེས་འཛུགས་ཀྱིས་བདེ་སྙན་ལ་ལྡི་ལི་མཐོ་རིམ་ཁྲིམས་ཁང་ནས་བརྩིས་མེད་བཏང་ཞིང༌། ལྡི་ལི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ཨེ་ས་མུ་ར་ལི་དྷར་(Justice S.Muralidhar)མཆོག་གི་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༥ ཉིན་བཏང་བའི་བཀོད་ཁྱབ་ནང༌། དོལ་རྒྱལ་རྗེས་འབྲང་པའི་སྙན་ཞུ་དང་བདེ་སྙན་ནང་འཁོད་ཁོང་ཚོར་བརྙས་བཅོས་དང་སྡུག་སྦྱོང་གཏོང་ལུགས་ཟེར་བ་དེ་ཁུངས་སྐྱེལ་ཁ་གསལ་མེད་པ་ཞིག་རེད་ཅེས་བརྩིས་མེད་བཏང་བ་དང༌། ཡང་ སྙན་ཞུའི་ནང་གནས་ཚུལ་གླེང་བ་རྣམས་སྤྱི་མང་ཁྲིམས་ཀྱི་ངོ་བོའི་ནང་མི་ཚུད་པས་རྩ་ཁྲིམས་དོན་ཚན་ ༢༢༦ འོག་དག་བཤེར་བྱེད་མི་ཐུབ་ཅེས་དང༌། རྩོད་ལེན་པའི་ཡར་ལན་ཕུལ་བའི་ཞུ་ཡིག་ནང་ རྡོ་རྗེ་ཤུགས་ལྡན་ཉམས་ལེན་གནང་དང་མ་གནང་དོ་བདག་དགེ་འདུན་པ་སོ་སོའི་འདོད་མོས་རེད། ཅེས་འཁོད་ཡོད་པ་དེ་ལུང་དྲངས་ནས་རྡོ་རྗེ་ཤུགས་ལྡན་ཉམས་ལེན་པ་ཚོར་གནོད་འཚེ་བྱས་པའི་གནས་ཚུལ་གཅིག་ཀྱང་གསལ་མི་འདུག་ཅེས་ལུང་འདྲེན་གནང་བ་དང༌། ལྷག་པར་དུ་ཁྲིམས་དཔོན་ཨེ་ས་མུ་ར་ལི་དྷར་ལགས་ཀྱིས་ ཆོས་དང་འབྲེལ་བའི་གནས་ཚུལ་དང་ཆོས་འབྲེལ་བྱེད་སྟངས་སྐོར་ཚོ་ཁག་ནང་ཁུལ་མི་མཐུན་པའི་གནས་ཚུལ་རིགས་མཐོ་རིམ་ཁྲིམས་ཁང་གི་ཁྱབ་ཚད་ལས་བརྒལ་བས་འདི་ནས་ཁྲིམས་ཞིབ་བྱེད་མི་ཐུབ་ ཅེས་མ་འོངས་པར་ཞུ་གཏུགས་འདི་རིགས་ཁྲིམས་ཁང་ནང་ཡོང་གཞི་མེད་པ་བཟོ་ཡོད་པ་རེད།