བུད་མེད་ཅིག་གིས་སྐྱེས་པ་ཞིག་གི་ཕོ་མཚན་བཅད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༢༠ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༩ ཡི་མཚན་མོར་རྒྱ་གར་ཀེ་ར་ལ་མངའ་སྡེའི་རྒྱལ་ས་དང་ཀི་ལོ་མི་ཊར་༣ གསུམ་གྱི་མཚམས་སུ་ཆགས་པའི་ས་གནས་པེ་ཊ་ཧ་ཞེས་པར། ད་ལྟ་རང་ལོ་༢༣ ལ་སོན་པའི་བུད་མེད་ཅིག་གིས་ཧིན་རྡུ་ཆོས་ལུགས་ཀྱི་དགེ་རྒན་ཧ་རི་ཟེར་བ་ཞིག་གི་ཕོ་མཚན་ལ་གྲི་བརྒྱབས་ནས་ཕོ་མཚན་གྱི་བརྒྱ་ཆ་༩༠ ཐམ་པ་བཅད་ཡོད་འདུག
ཉེན་རྟོག་པས་བརྗོད་པ་ལྟར་ན་མཚན་མོ་དེར་ཁོས་བུད་མེད་དེའི་སྡོད་གནས་ནས་ཁོ་མོར་བཙན་གཡེམ་བྱེད་རྒྱུར་འབད་ཡོད་འདུག་ཀྱང་། བུད་མེད་དེས་གྲི་བེད་སྤྱོད་ནས་ཁོའི་ཕོ་མཚན་བཅད་ཡོད་པ་རེད་འདུག་ལ། ཀེ་ར་ལའི་མངའ་སྡེ་བློན་ཆེན་གྱིས་སྤྱི་ཚོགས་དྲ་ལམ་ཊུ་ཊེར་བརྒྱུད་ནས་དེ་ནི་བློ་སྟོབས་ཆེན་པོའི་གོམ་སྟབས་ཤིག་ཡིན་སྐོར་བསྒྲགས་ཡོད་འདུག
གཞན་ཡང་བུད་མེད་དེས་ཕོ་མཚན་བཅད་ཟིན་པ་དང་། མི་དེས་མོ་རང་གསོད་དོགས་བྱུང་ནས་ཛ་དྲག་འབྲེལ་མཐུད་ཁ་པར་ཨང་གྲངས་༡༠༠ བརྒྱུད་ནས་ཉེན་རྟོག་པ་སྐད་བཏང་ཡོད་པ་མ་ཟད། བུ་མོ་དེས་འཛིན་གྲྭ་༡༢ ལ་སློབ་སྦྱོང་བྱེད་སྐབས་ནས་མི་དེའི་ལག་ནས་འཁྲིག་སྤྱོད་དང་འབྲེལ་བའི་མནར་གཅོད་མྱོང་བཞིན་ཡོད་སྐོར་མོས་བརྗོད་ཡོད་འདུག
མི་དེ་ཅ་ཏམ་བྷི་ཨ་ཤི་རམ་(Chattambi Swami Ashram) ཞེས་པའི་དགོན་པ་ཞིག་གི་བཙུན་པ་ཞིག་ཡིན་སྐོར་བརྗོད་ཡོད་འདུག་ཀྱང་། ཨ་ཤི་རམ་གྱི་འགན་འཛིན་ཚོས་དགོན་པ་དང་མི་དེ་གཉིས་བར་འབྲེལ་བ་ཡོད་པར་ངོས་ལེན་བྱས་མེད་པ་མ་ཟད། ཨ་ཤི་རམ་གྱི་ལས་བྱེད་ཅིག་གིས་ལོ་བཅོ་ལྔའི་གོང་ནས་མི་དེ་ཨ་ཤི་རམ་ན་ཆང་ས་མ་བརྒྱབས་ནས་སྡོད་མཁན་ཞིག་ཡིན་པ་དང་། ཨ་ཤི་རམ་ནས་ཐོན་ཚར་རྗེས་ཁོ་རང་སྒེར་གྱི་མཚན་སྙན་ཆེད་དུ་ཨ་ཤི་རམ་གྱི་མིང་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ཉེན་རྟོག་པའི་འགན་འཛིན་གཞོན་པ་ཨ་རུལ་བྷི་ཀི་རི་ཤ་ན་ཡིས་བརྗོད་པ་ལྟར་ན། བུད་མེད་དེའི་ཨ་ཕ་ལོ་མང་རིང་ཉལ་ས་རུ་ལྷག་བསྡད་ཡོད་པ་དང་། མོའི་ཨ་མ་དང་མི་དེ་ངོ་ཤེས་པ་ཆགས་རྗེས་ཁྱིམ་ཚང་གི་རྐྱེན་བགེགས་བར་ཆད་ཟློག་ཕྱིར་ཨ་མས་དུས་རྒྱུན་ནས་ཁོ་གདན་འདྲེན་ཞུས་ནས་ཆོས་བྱེད་ཀྱི་ཡོད་འདུག
ཉེན་རྟོག་པས་བྱིས་པ་རྣམས་ལ་འཁྲིག་སྤྱོད་དང་འབྲེལ་བའི་ཁྲིམས་འགལ་གྱི་གནས་ཚུལ་བྱུང་དུས་ཉེས་ཆད་གང་ཡོད་པ་དེ་ཁོར་བཅད་ཡོད་འདུག་ལ། དེའི་རྒྱུ་མཚན་ནི། བུ་མོ་དེ་འཛིན་རིམ་༡༢ ཡིན་སྐབས་ནས་བཟུང་འཁྲིག་སྤྱོད་དང་འབྲེལ་བའི་ཐོག་ནས་མི་དེས་མནར་གཅོད་བྱེད་བཞིན་ཡོད་སྐོར་བུ་མོ་དེས་བརྗོད་ཡོད་འདུག་པས་ཡིན་པ་མ་ཟད། མོས་དེ་སྔོན་ནས་གནས་ཚུལ་དེའི་སྐོར་མོ་རང་གི་ཨ་མ་ལ་བཤད་ཟིན་སྐོར་ཡང་བརྗོད་ཡོད་འདུག
ད་ལྟ་ཧ་རི་ཞེས་པའི་མི་དེ་སྨན་བཅོས་བྱེད་སའི་སྨན་ཁང་ནས་བཤད་པ་ལྟར་ན། སྨན་ཁང་གི་ངོས་ནས་ཛ་དྲག་གི་བཤའ་བཅོས་བྱེད་བཞིན་ཡོད་ཀྱང་བཅད་ཚར་བ་དེ་ཡར་སྦྱར་ནས་ཏག་ཏག་ཅིག་ཡོང་རྒྱུ་ཁག་པོ་ཡིན་པ་དང་། གཅོད་མཚམས་ནས་ཁྲག་མི་འཛར་བ་དང་། བཤང་ལམ་ཏག་ཏག་ཡོད་པ་བཅས་བཟོས་ཟིན་སྐོར་འཁོད་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།