ས་ཡོམ་གོད་ཆག་ཁྲོད་ནས་ཕྱུགས་ཟོག་གི་ཤི་གྲངས།

ཟླ་བཞི་བའི་ཚེས་ཉེར་བཞིའི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་མཚོ་སྔོན་ཡུས་ཧྲུའུ་ཡི་ས་འགུལ་ཁྲོད་ནས་ཤི་བའི་ཕྱུགས་ཟོག་གི་གོད་རོ་གཙང་དག་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ཚེས་ཉེར་གསུམ་ཉིན་བར་དུ་ས་འགུལ་ཁྲོད་ཤི་བའི་ཕྱུགས་ཟོག་ཁྲི་གཅིག་དང་སྟོང་བཞི་སུམ་བརྒྱ་བཞི་བཅུའི་གོད་རོ་གཙང་དག་བྱས་པ་མ་ཟད། ས་མུས་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དྲུག་གི་སྟེང་དུ་དུག་སེལ་བྱས། 

  མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ས་འགུལ་གྱིས་ཡུས་ཧྲུའུ་རྫོང་སྐྱེ་དགུ་གྲོང་བརྡལ་དང་དེའི་མཐའ་འཁོར་ས་ཁུལ་གྱི་ནོར་ལུག་ཁྲི་བཞི་ལྷག་བསད། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ཞིང་ཕྱུགས་ཁོངས་གཏོགས་ཀྱི་གནོད་སེལ་རྒུད་སྐྱོབ་བཀོད་འདོམས་པུའུ་ཡིས་ཕྱུགས་སྨན་ལག་རྩལ་མི་སྣ་ཉིས་བརྒྱ་དང་བཅུ་རྩ་འཛུགས་བྱས་ནས་བྱ་བའི་ཚན་ཆུང་དགུ་བཙུགས་ཏེ་ཡུས་ཧྲུའུ་སྐྱེ་རྒུ་གྲོང་བརྡལ་དང་། རིན་པོ་གྲོང་བརྡལ་སོགས་ཞིང་གྲོང་དགུ་ལ་མངགས་ནས་ས་དེའི་སྡེ་བ་རིམ་པའི་རིམས་འགོག་མི་སྣ་ཉིས་བརྒྱ་རེ་དགུ་དང་མཉམ་དུ་ཕྱུགས་ཟོག་གི་གོད་རོ་གཙང་དག་དང་དུག་སེལ་བྱེད་པའི་བྱ་བ་བསྒྲུབས། མིག་སྔར་ཡུས་ཧྲུའུ་གནོད་ཐེབས་ས་ཁུལ་ལ་ནད་ཡམས་ཀྱི་རིགས་བྱུང་མེད།  
ལོ་ཙཱ་བ།  བསོད་ནམས་ལྷ་མོ།