སྐྱེ་རྒུའི་ས་ཡོམ་ཆེད་མོན་གྷོ་རུ་བསྔོ་སྨོན་སྐྱབས་འཇུག་གནང་བ།

ལྷག་པར་ཟླ་འདིའི་ཚེས་༢༡ ཉིན་གྱི་དགོང་དྲོ་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེས་གཙོས་མཁན་ལས་ཟུར་རྣམས་པ་དང་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། དེ་བཞིན་བློ་གླིང་གྲྭ་ཚང་གིས་དགེ་འདུན་འདུས་མང་ཡོངས་བློ་གླིང་འདུ་ཁང་དུ་མཉམ་འཛོམས་ཀྱིས་བོད་ནང་ས་ཡོམ་དོན་རྐྱེན་འོག་འདས་གྲོངས་སོང་བའི་ཚེ་འདས་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་དང་། མར་མེ་མཆོད་འབུལ་རྒྱ་ཆེ་གནང་ཡོད་པ་མ་ཟད། བསྔོ་སྨོན་དུ་ཕེབས་པའི་དགེ་འདུན་འདུས་མང་ཡོངས་ལ་གྲྭ་ཚང་ངོས་ནས་གསོལ་ཇ་དང་སྐུ་འགྱེད་སོགས་ཕུལ་ཡོད་པ་རེད། དེ་བཞིན་གཞིས་གྲོང་ཁག་ཡོངས་ནས་ཀྱང་བདུན་ཚིགས་ཞེ་དགུ་མ་ཚང་བར་བོད་ནང་ས་ཡོམ་དོན་རྐྱེན་འོག་གི་འདས་གསོན་ཡོངས་ལ་བསྔོ་སྨོན་དང་སྐྱབས་འཇུག་མུ་མཐུད་ནས་གསུངས་དང་གསུང་བཞིན་ཡོད་པ་དང་། ས་གནས་གཞོན་ནུ་དང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་སོགས་ཀྱིས་ས་འགུལ་རྒྱག་སའི་ས་ཁོངས་ཀྱི་བོད་མི་ཚོའི་ཆེད་དུ་ཞལ་འདེབས་བསྡུ་ལེན་བྱེད་པ་སོགས། མདོར་ན་བོད་ནང་ས་འགུལ་དོན་རྐྱེན་འོག་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ཕྱག་ལས་ཤུགས་ཆེན་གནང་དང་གནང་མུས་ཡོད་པ་རེད།

མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ཀྱིས།