༧གོང་ས་མཆོག་གིས་གཞོན་སྐྱེས་ཚོར་དམིགས་བསལ་གསུང་ཆོས་གནང་བ།

གངས་ཅན་པ་རྣམས་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་དགོས་པ་ལས་དབང་རྟུལ་དད་པའི་རྗེས་འབྲངས་བྱས་ན་བཀའ་བསྟན་གྱི་པོད་རྣམས་ཀྱང་དགོས་མེད་ཆགས་ཀྱི་ཡོད་སྐོར་སོགས་༧གོང་ས་མཆོག་གིས་གསུངས་སོང་།

ཟླ་འདིའི་ཕྱི་ཚེས་༥ ནས་ཉིན་༣ རིང་༧གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་པའི་མཐོ་རིམ་སློབ་མ་དང་སློབ་ཕྲུག་གཙོས་པའི་གཞོན་སྐྱེས་རྣམས་ལ། ནང་ཆོས་ངོ་སྤྲོད་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་ཀྱི་དབུ་འཛུགས་གནང་ཡོད་པ་རེད།

ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་སྐབས་རྒྱ་གར་དང་ཕྱི་རྒྱལ་སོགས་ཀྱི་མཐོ་སློབ་མི་འདྲ་བ་ཁག་༧༠ དང་བོད་པའི་སློབ་གྲྭ་ཁག་བཅས་ནས་ཁྱོན་བསྡོམས་སློབ་མ་༢༦༠༠ ཡས་མས་དང་། བོད་པ་གཙོས་པའི་དད་ལྡན་ཆོས་ཞུ་བ་༦༠༠༠ མ་ཟིན་ཙམ་བཅས་ཁྱོན་ཆོས་ཞུ་བ་༨༥༠༠ ཡས་མས་འཛོམས་ཡོད་པ་དང་། གསུང་ཆོས་གོ་སྒྲིག་ཞུ་མཁན་ནི་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་པ་དང་བོད་ཁྱིམ་སློབ་གྲྭ་གཉིས་རེད་འདུག

དེ་ཡང་ཐོག་མར་༧གོང་ས་མཆོག་གིས་འཛམ་བུ་གླིང་སྒང་ལ་རྙོག་དྲ་ཡོང་རྐྱེན་ཚང་མའི་རྩ་བ་དེ་སེམས་འཁྲུག་སོང་བ་དེ་ཡིན་པ་དང་། དེ་ལ་བརྟེན་ནས་མི་གསོད་རེས་བཏང་བ་སོགས་དཀའ་ངལ་འབྱུང་གི་ཡོད་པ་རྣམས་སེལ་ཐབས་ཀྱི་སྐོར་ལ་གསུང་དོན་དུ། “སེམས་འཁྲུག་པ་ལ་སྨན་བཟའ་བ་དང་། ཉལ་ཐ་འཐེན་པའི་བཟོ་འདྲ་པོ་དེ་ཚོའི་གྲས་ཀྱིས་འཕྲལ་སེལ་གྱི་སེམས་འཁྲུག་པ་ཞི་སྲིད་ཀྱང་། ཕུགས་ལ་ཕན་པ་རྩ་བ་ཉིད་ནས་ཡོད་མ་རེད། སེམས་འཁྲུག་པ་དེ་སེམས་འཁྲུག་བྱེད་ཀྱི་རྒྱུ་ཞེ་སྡང་དང་། ང་རྒྱལ། ཕྲག་དོག འགྲན་སེམས་ཟེར་བ་དེ་ཚོ་ལ་བརྟེན་ནས་སེམས་འཁྲུག་གི་ཡོད་རེད། དེ་བསམ་བློ་ནང་ནས་ཡོང་བ་རེད་མ་གཏོགས་ཕྱི་རོལ་ནས་ཡོང་བ་མ་རེད། དེར་བརྟེན་སེམས་འཁྲུག་པའི་རྐྱེན་དེ་སེམས་མ་དུལ་བའི་ཆ་ནས་ཡོང་གི་ཡོད་པ་ཡིན་དུས། དེ་སེལ་བར་སེམས་ཀྱི་ནང་ལོགས་ནས་ཐབས་ཤེས་འཚོལ་དགོས་རེད་མ་གཏོགས། ཕྱི་ལོགས་ནས་སྨན་བཟའ་བ་དང་། སྨན་པ་བསྟེན་ནས་ཡོང་ཐུབ་རྒྱུ་ཡོད་མ་རེད་”ཅེས་དང་། དེ་བཞིན་སྣང་བའི་འོད་ཤུགས་ཆེ་རུ་ཕྱིན་ན་མུན་པ་ཤུགས་ཆུང་དུ་འགྲོ་བ་དང་། ཚ་དྲོད་འཕར་ན་གྲང་རེག་ཤུགས་ཆུང་དུ་འགྲོ་བ་རང་བཞིན་ཆོས་ཉིད་ཡིན་པ་ལྟར། སེམས་དུལ་བའི་ཆ་ཇི་ཙམ་གྱིས་གོང་འཕེལ་དུ་འགྲོ་བ་དེའི་ཚོད་ཀྱིས་སེམས་མ་དུལ་བའི་ཆ་དེ་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་ཡིན་སྐོར་དང་། དེ་ལ་བློའི་རྣམ་གཞག་ཤེས་རྒྱུ་གལ་ཆེ་སྐོར་གསུངས་སོང་།

དེ་བཞིན་༧གོང་ས་མཆོག་གིས་སེམས་ཁམས་རིག་པ་དང་འབྲེལ་ནས་གསུངས་དོན་དུ། “ངས་ཚན་རིག་པ་དང་མཉམ་དུ་སེམས་ཁམས་རིག་པའི་སྐོར་ལ་བཤད་དུས་སྔ་མོར་བློ་རིག་བློ་འཛིན་བྱས་པ་དེས་ཧ་ཅང་ཕན་ཐོགས་ཡོང་གི་འདུག མཁྱེན་སོང་ཨ། ཞིབ་ཚགས་པོ་སྐད་ཆ་དྲིས་ན་ཚན་རིག་པ་ཚོར་ངས་ཁུངས་འཁྱོལ་ཡ་ཁག་པོ་རེད། རོབ་ཙམ་རོབ་ཙམ་ཞིག་ངས་ཤེས་ཀྱི་ཡོད་རེད། ཕན་ཐོགས་ཧ་ཅང་ཆེན་པོ་འདུག ང་རང་གི་ཉམས་མྱོང་ལ་དེ་བྱུང་བ་ཡིན་སྟབས། ང་ཚོའི་སློབ་ཕྲུག་ལ་ཆ་མཚོན་ན་ཡང་། བློ་རིག་གི་སྡོམ་དེ་གཅིག་བློ་ལ་ཟིན། དེ་ནས་རིམ་པས་རིམ་པས་སེམས་ཁམས་རིག་པའི་སྐོར་དེ་སློབ་ཚན་ནང་འཇོག་དགོས་པ་རེད་འདུག  སེམས་ཁམས་རིག་པའི་སྐོར་ལ་གང་འཚམས་རྒྱུས་ཡོད་ཅིག་ཆགས་པ་ཡིན་ན། སོ་སོ་ཡིན་ན་སེམས་སྐྱིད་པ་དང་། སོ་སོའི་ཁྱིམ་ཚང་ནང་ལ་ཡིན་ན་ཡང་སེམས་སྐྱིད་པ། དེ་ནས་གལ་ཆེ་ཤོས་དེ་ཁྱེད་རང་ཚོས་ཤེས་ཡོན་སྦྱངས་ནས་མ་འོངས་པའི་མི་རབས་རྣམས་ཀྱིས་སེམས་ཁམས་རིག་པའི་རྣམ་བཞག་གང་འཚམས་ཤེས་པའི་ཐོག་ནས་སེམས་ཀྱི་ཞི་བདེ་མང་ཙམ་བཟོ་ཐུབ་རྒྱུ་དེ་ང་ཚོའི་ལས་འགན་རེད་ལ། ང་ཚོའི་དམིགས་ཡུལ་རེད།”ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་ད་བར་ཁོང་མཁས་དབང་འདྲ་མིན་དང་། ཚན་རིག་པ་མང་པོ་དང་ཐུག་འཕྲད་བྱུང་ནས་བགྲོ་གླེང་བྱས་དུས་རིགས་ལམ་ཕྲན་བུ་སྦྱོང་པ་དེས་ཕན་ཐོགས་བྱུང་ཡོད་སྐོར་དང་། རིགས་ལམ་གྱིས་ཚན་རིག་པའི་ཡིད་འཕྲོག་ནས་རིག་ལམ་གྱི་ཐོག་ནས་དཔྱད་པ་བྱེད་སྟངས་དེ་སློབ་ཚན་གཞན་གྱི་ནང་ལ་བེད་སྤྱོད་བྱེད་རྒྱུ་ཡོང་མིན་གྱི་སྐོར་ལ་ཚན་རིག་པ་ཁ་ཤས་ཀྱིས་ཞུས་བྱུང་སྐོར། སངས་རྒྱས་པའི་གཞུང་ནས་གསུང་པའི་རིག་ལམ་གྱི་དཔྱད་པ་བྱེད་སྟངས་དེས་ག་ལེར་ག་ལེར་འཛམ་བུ་གླིང་སྤྱི་ལ་ཞབས་འདེགས་སྒྲུབ་རྒྱུའི་གོ་སྐབས་ཤིག་ཕལ་ཆེར་ཡོང་རྒྱུ་ཡིན་སྐོར་སོགས་ཀྱི་ཐོག་ནས་རིག་ལམ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་ལ། དེ་བཞིན་ང་ཚོ་གངས་ཅན་པ་རྣམས་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་དགོས་པ་ལས་དབང་རྟུལ་དད་པའི་རྗེས་འབྲངས་བྱས་ན་བཀའ་བསྟན་གྱི་པོད་རྣམས་ཀྱང་དགོས་མེད་ཆགས་ཀྱི་ཡོད་སྐོར་དང་། མཐོང་བ་མངོན་འགྱུར་གྱི་རིག་པ་སོགས་ལ་བརྟེན་ནས་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་རྟོགས་ཐུབ་པ་ལས་ལྷ་བསྒོམས་བསྔགས་བཟླས་སོགས་ཀྱི་ཐོག་ནས་དེ་དག་འགྲུབ་ཐབས་དཀའ་ཚུལ་སོགས་བླང་དོར་བཀའ་སློབ་ཟབ་རྒྱས་གསུངས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།