མྱོས་རྫས་ངན་གོམས་སྔོན་འགོག་ཆེད་རྒྱང་རྒྱུག་འགྲན་སྡུར།
མྱོས་རྫས་ངན་གོམས་སྔོན་འགོག་ཆེད་རིས་མེད་རྒྱང་རྒྱུག་འགྲན་སྡུར་ནང་རྒྱུག་འགྲན་པ་བུའི་ཁྲོད་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་རིང་དང་། བུ་མོའི་ཁྲོད་ནས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་འཛིན་ལྷ་མོ་གཉིས་ལ་རྒྱལ་ཁ་ཐོབ་སོང་།
ཟླ་འདིའི་ཕྱི་ཚེས་༢༦ ཉིན་གྱི་སྔ་དྲོར་དབུས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་། དྷ་ས་ཀུན་ཕན་ལས་ཁུངས། དྷ་ས་ས་གནས་འགོ་འཛིན་ལས་ཁུངས་བཅས་མཉམ་སྦྲེལ་ཐོག མྱོས་རྫས་ངན་གོམས་སྔོན་འགོག་ཆེད་རིས་མེད་རྒྱང་རྒྱུག་འགྲན་སྡུར་ཞིག་བྱས་ཡོད་པ་དང་། རྒྱུག་འགྲན་གྱི་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་། དྷ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་གྱིས་གཙོས་པའི་གོ་སྒྲིག་མི་སྣ་དང་། རྒྱུག་འགྲན་པ། མང་ཚོགས་ཁག་ཅིག་བཅས་འཛོམས་འདུག
རིས་མེད་རྒྱང་རྒྱུག་འགྲན་སྡུར་དེ་དྷ་ས་མེག་གྷན་གཙུག་ལག་ཁང་དཔའ་བོའི་རྡོ་རིང་གི་མདུན་ནས་འགོ་བཙུགས་ཏེ། མེག་གྷན་དང་། ཧྥོ་སེར་གྷན་ཇི། བོད་ཁྱིམ་བཟོ་གྲྭ། མེག་གྷན་གླ་འཁོར་ས་ཚིགས་བརྒྱུད་ཕྱིར་མེག་གྷན་གཙུག་ལག་ཁང་དཔའ་བོའི་རྡོ་རིང་གི་མདུན་བར་ཀི་ལོ་མི་ཊར་༦ ཡས་མས་ལ་རྒྱུགས་ཡོད་པ་དང་། རྒྱུག་འགྲན་ནང་སློབ་ཕྲུག་༡༠༥ དང་། མི་མང་༢༢ འཛུལ་ཞུགས་བྱས་ཡོད་པའི་ཁྲོད་བུ་རྩེ་ཕུད་༥ དང་བུ་མོ་༥ ལ་རིམ་བཞིན་བྱ་དགའ་ཧིན་སྒོར།༨༠༠༠ དང་། ༦༥༠༠། ༥༠༠༠། ༣༠༠༠། ༢༠༠༠ བཅས་སྤྲད་སོང་། རྒྱུགས་འགྲན་ནང་མཉམ་ཞུགས་བྱེད་མཁན་ལོ་རྒན་ཤོས་དྷ་སར་གནས་སྡོད་སྐལ་བཟང་སྟོབས་རྒྱལ་དང་། ལོ་ཆུང་ཤོས་ཨ་རི་ནས་ཡིན་པའི་འོད་ཟེར་འཇམ་དབྱངས་གཉིས་ལ་སེམས་གསོའི་བྱ་དགའ་རུ་ཧིན་སྒོར་༥༠༠ རེ་སྤྲད་སོང་།
ད་ཐེངས་ཀྱི་རྒྱུགས་འགྲན་པ་བུའི་ཁྲོད་ནས་དྷ་སྟེང་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཚེ་རིང་ཨང་དང་པོ་དང་། བུ་མོའི་ཁྲོད་ནས་ཨང་དང་པོ་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་མ་བསྟན་འཛིན་ལྷ་མོ་གཉིས་ཡིན་པ་དང་། དེ་བཞིན་སུ་ཇཱ་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་ཟླ་བ་དང་། ཅོན་ཏ་ར་བོད་ཁྱིམ་གྱི་སློབ་མ་བསོད་ནམས་རྡོ་རྗེ་དང་། ཨིན་ཇུང་མེ་ལོ། བསྟན་འཛིན་འཇམ་དཔལ་བཅས་བུའི་རྒྱུག་འགྲན་པ་རྩེ་ཕུད་དང་། སུ་ཇཱ་བོད་ཁྱིམ་གྱི་སློབ་མ་པ་སངས་སྒྲོལ་དཀར་དང་། རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བསོད་ནམས་བདེ་སྐྱིད། སུ་ཇཱ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དཔལ་མོ། སུ་ཇཱ་སློབ་ཟུར་མཁའ་འགྲོ་བཅས་ལ་གོ་རིམ་བཞིན་བྱ་དགའ་ཐོབ་ཡོད་པ་རེད།
རྒྱུག་འགྲན་དངོས་སུ་འགོ་འཛུགས་མ་བྱས་སྔོན་དུ། དྷ་ས་ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་གིས་མྱོས་རྫས་ངན་གོམས་སྔོན་འགོག་གི་ཉིན་མོ་དང་འབྲེལ་ནས་གསུང་དོན་དུ། འཛམ་བུ་གླིང་སྤྱིའི་ནང་མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་ཆེན་པོ་ཡོད་པས་ཉིན་མོ་དེ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར་བོད་པའི་སྤྱི་ཚོགས་ལ་ཡང་དཀའ་ངལ་དེ་ཡོད་སྟབས། མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་དང་། སྔོན་འགོག་ཡོང་ཐབས་སུ་དེ་ལྟར་སྲུང་བརྩི་བྱེད་ཀྱི་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་དེའི་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་རྐྱེན། འཕྲོད་བསྟེན་ལས་ཁུངས་ལྟ་བུ་གཅིག་གིས་དཀའ་ངལ་དེ་སེལ་ཐུབ་ཀྱི་མེད་པ་དང་། དཀའ་ངལ་དེ་ནི་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཡིན་སྟབས། སྤྱི་ཚོགས་རང་གིས་འགན་འཁུར་ནས་སེལ་དགོས་པ་ཞིག་ཡིན་སྐོར་སོགས་གསུངས་སོང་།
དེ་རྗེས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས་གཞི་རྩའི་ཆ་ནས་བོད་པའི་སྤྱི་ཚོགས་འདི་བཙན་བྱོལ་ཡིན་པའི་གནས་བབ་ཀྱི་ཐོག་ནས་སྤྱི་ཚོགས་གཞན་ཁག་དང་བསྡུར་ན་ཆུང་ཆུང་ཡིན་ཡང་། སྤྱི་ཚོགས་ཀྱི་མི་འབོར་དང་མྱོས་རྫས་ངན་གོམས་སུ་སོང་བའི་གྲངས་ཀ་གཉིས་བརྒྱ་ཆ་ལ་ཕབ་ནས་བལྟས་ན་སེམས་འཚབ་སྐྱེ་གཞི་དང་། དོ་སྣང་བྱེད་དགོས་པའི་གནས་བབ་ཅིག་ཆགས་ཀྱི་ཡོད་སྐོར་དང་། གནད་དོན་དེའི་ཐོག་ལ་དེ་སྔོན་གྱི་བཀའ་ཤག་ན་རིམ་གྱིས་ཐུགས་འགན་བཞེས་པའི་ཐོག་ནས་ད་ལྟ་བར་དུ་འབད་བརྩོན་རབ་དང་རིམ་པ་བྱེད་ཀྱི་ཡོད་པ་ལྟར། ད་ལྟའང་འབད་བརྩོན་བྱེད་གཞིའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྐོར། མྱོས་རྫས་ངན་གོམས་ཀྱི་དཀའ་ངལ་དེ་སྒྲིག་འཛུགས་ཤིག་དང་ཚོགས་པ་ཞིག་གིས་སེལ་ཐུབ་པ་ཞིག་མིན་སྟབས་ཕྱོགས་བཞི་མཚམས་བརྒྱད་ནས་དོ་སྣང་བྱེད་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ།སྔོན་འགོག་གི་ཆེད་དུ་གཞན་ལ་མྱོས་རྫས་ལོངས་སུ་མི་སྤྱད་པའི་བསྐུལ་མ་བྱེད་རྒྱུ་དང་། ལམ་སྟོན་བྱེད་རྒྱུ་གལ་ཆེ་སྐོར།
གཞན་ཡང་། ནད་རིགས་སྤྱི་མཚུངས་བཞིན་མྱོས་རྫས་ངན་གོམས་སྔོན་འགོག་གི་ལམ་ནས་ཉུང་འཕྲི་བྱེད་རྒྱུ་ལས་སླ་སྟབས། སློབ་གསོ་དང་ལམ་སྟོན་སོགས་ཀྱི་ཐོག་ལ་ཚང་མས་འགན་འཁུར་དགོས་སྐོར་གསུངས་སོང་།
ད་ཐེངས་ཀྱི་མྱོས་རྫས་ངན་གོམས་ཁ་གཏད་ཆེད་རིས་མེད་རྒྱང་རྒྱུག་འགྲན་སྡུར་ནང་། དྷ་སྟེང་བོད་ཁྱིམ་དང་། དྷ་ཤོད་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་། གྷོ་པལ་པུར་བོད་ཁྱིམ། སུ་ཇཱ་བོད་ཁྱིམ། ཅོན་ཏ་ར་བོད་ཁྱིམ། ཅོན་ཏ་ར་གཏན་ཉིན་སློབ་གྲྭ་སོགས་དྷ་སའི་ཉེན་འཁྲིས་ཀྱི་སློབ་གྲྭ་ཁག་ཅིག་འཛུལ་ཞུགས་བྱས་ཡོད་པ་དང་། ལས་འགུལ་འདིར་རོགས་དངུལ་གནང་མཁན་ནི་ཨ་རིའི་སྲིད་གཞུང་ PRM རོགས་ཚོགས་ཡིན་འདུག
ཕྱི་ལོ་༡༩༨༦ ནས་བཟུང་། ལོ་ལྟར་ཕྱི་ཟླ་༦ པའི་ཚེས་༢༦ ཉིན་འཛམ་གླིང་ཁྱོན་ཡོངས་ནས་རྒྱལ་སྤྱིའི་མྱོས་རྫས་ངན་གོམས་དང་ཁྲིམས་འགལ་ཉོ་ཚོང་ལ་ཁ་གཏད་ཀྱི་ཉིན་མོ་རུ་སྲུང་བརྩི་བྱེད་ཀྱི་ཡོད་པ་རེད།
ཉིན་མོ་འདི་དང་སྟབས་བསྟུན་ནས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ནད་རིགས་སྔོན་འགོག་ཚན་པས་རྒྱ་ཆེའི་མང་ཚོགས་ལ་ཐུགས་སྣང་གཞེན་སྐུལ་ཞིག་གནང་ཡོད་པའི་ནང་། “མྱོསས་རྫས་ངན་གོམས་ནི་དེང་སྐབས་རང་རེའི་སྤྱི་ཚོགས་ནང་དཀའ་ངལ་ཆེ་བའི་རང་བཞིན་དུ་འགྱུར་བཞིན་ཡོད། བོད་རིགས་ན་གཞོན་མང་དག་ཅིག་མྱོསས་རྫས་ངན་གོམས་རྐྱེན་པས་འཕྲོ་བརླག་འགྲོ་བ་ཙམ་དུ་མ་ཟད། ནང་མི་དང་བཟའ་ཚང་མང་དག་ཅིག་ཁ་བྲལ་གཏོང་གི་ཡོད། དེང་སྐབས་ཆང་རག་དང་སྨན་ཁབ། དེ་བཞིན་མྱོསས་རྫས་རིགས་འདྲ་མིན་བེད་སྤྱོད་བྱས་རྐྱེན་རང་ཉིད་སྨོས་མེད་ཁར་ནང་མི་དང་། སྤྱི་ཚོགས། རྒྱལ་ཁབ་བཅས་ཀྱི་མཚན་མཐོང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་སྐྱོན་ཤུགས་ཆེ་བཟོ་ཡི་ཡོད།”ཅེས་དང་། “རྩིས་ལོ་༢༠༡༥ དང་༢༠༡༦ ལོ་གཉིས་ནང་འདི་ནས་ན་གཞོན་ངན་གོམས་ཅན་མི་གྲངས་༤༥ ལྷག་བཅོས་ཐབས་ཁང་དུ་སྨན་བཅོས་ཆེད་བཏང་ཟིན། ན་གཞོན་དེ་དག་མུ་མཐུད་ཡར་རྒྱས་ཡོང་ཐབས་སུ་འདི་ནས་སྨན་བཅོས་ཟིན་མཚམས་མི་ཚེའི་མདུན་ལམ་སྟོན་པའི་ལས་རིགས་སྦྱོང་བརྡར་གྱི་གོ་སྐབས་ཀྱང་བསྐྲུན་བཞིན་ཡོད”ཅེས་དང་། “མྱོས་རྫས་ངན་གོམས་ཅན་རྣམས་དྲག་སྐྱེད་དང་ཡར་རྒྱས་འགྲོ་རྒྱུའི་རེ་བ་ཡོད་སྟབས། ཚང་མས་ནད་པ་འདི་རྣམས་ལ་རོགས་པ་གང་ཐུབ་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན་”ཞེས་སོགས་འཁོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།