བདག་པོ་མ་བརྒྱབ་པར་བཞག་མེད་པ་གསལ་པོ་རེད།
ཟླ་འདི་ཚེས་༢༩ ཉིན་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཡིག་ཚང་དབུ་འབྱེད་མཛད་སྒོའི་སྐབས། ཉིན་དེའི་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་དོན། “དཔལ་ཇོ་ནང་པ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ནང་དུ་ཆོས་བརྒྱུད་གཞན་ལ་ཐོབ་ཐང་ཡོད་པ་ནང་བཞིན་གྱི་འདྲ་མཉམ་དགོས་ཀྱི་འདུག་ཅེས་སྤྱི་འཐུས་ལྷན་ཚོགས་ལ་ལོ་བཞི་ལྔ་ཙམ་གྱི་སྔོན་ནས་འབྲེལ་བ་དང། ཞུ་གཏུག་བྱུང་བ་རེད། སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བྱས་ན་བྱེད་བདེ་པོ་མཐོང་མདོག་རེད་ལ། དེ་མ་རེད་ཅེས་ཞུ་ཡང་ཁག་པོ་རེད། མི་མང་གི་འོས་འདེབས་བྱས་པའི་འཐུས་མི་ལ་ཁྲིམས་སྒྲིག་གཞི། ལྷག་པར་དུ་བཅའ་ཁྲིམས་བསྐྱར་བཅོས་སོགས་ཀྱི་སྐུ་དབང་ཡོད་པ་རེད། ཡིན་ནའང། ད་བར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཁྲིམས་སྒྲིག་གཞི་བསྐྱར་བཅོས་བཟོ་བཅོས་སོགས་དོན་གནད་གང་ཡིན་ནའང། གཟབ་གཟབ་བྱས་ནས། གནད་དོན་རེ་རེ་གསལ་བོ་རྟོགས་ནས་ངོས་འཛིན་བྱེད་དགོས་པ་ཞིག་མཐོང་གི་ཡོད། དེར་བརྟེན། དཔལ་ཇོ་ནང་པས་ཆོས་བརྒྱུད་གཞན་ནང་བཞིན་སྐུ་ཚབ་འཐུས་མི་དགོས་ཀྱི་འདུག་ཅེས་ཞུས་པར། བདག་པོ་མ་བརྒྱབ་པར་བཞག་མེད་པ་གསལ་པོ་རེད། སྤྱི་འཐུས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གྲོས་བསྡུར་མང་པོ་བྱུང་བ་རེད། ཡིག་ཆ་ཡར་སླེབས་པ་ཙམ་གྱིས་འགྲིག་གི་མ་རེད། བཅའ་ཁྲིམས་བསྐྱར་བཅོས་ལ་སྤྱི་འཐུས་ཀྱི་སུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་དགོས་པ་རེད། ཡིན་ནའང། ཆོས་བརྒྱུད་ཅིག་ལ་ཐོབ་ཐང་གནས་སྟངས་ཀྱི་ཐོག་ནས་ཕུལ་དགོས་ཀྱི་ཡོད་དང་མེད། ལག་པ་ཙམ་བསྐྱངས་ནས། ལམ་སང་འགྲིག་དང་མི་འགྲིག་གི་ཐག་ཆོད་སོང་ན། ཚབས་ཆེན་པོ་ཡིན་པར་ངོས་འཛིན་བྱས་ནས། དང་པོ་ལམ་གཙང་མ་དང། གྲོས་ཚོགས་ནང་ཐེག་གཅོད་བགྲོ་གླེང་གནང་སྐབས། གསལ་པོ་རྟོགས་ནས་གནང་དགོས་པ་ང་ཚོས་གལ་ཆེན་པོ་མཐོང་བ་རེད། གྲོས་ཚོགས་ནང་སྤྱི་འཐུས་ཚང་མ་ཤེས་ཡོན་གཅིག་པ་མ་རེད། ཆོས་བརྒྱུད་ཀྱི་ལོ་རྒྱུས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཚོས་མཁྱེན་གྱི་ཡོད་པ་རེད་མོད། སྤྱི་འཐུས་ཚང་མས་ལོ་རྒྱུས་བྱུང་རིམ་ཆ་ཚང་རྟོགས་ཐུབ་ཀྱི་ཡོད་པའི་ངེས་ཤེས་ང་ཚོས་རྙེད་ཡོད་པ་མ་རེད། ད་ཐེངས་འདི་ཆོས་རིག་ལས་ཁུངས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས། སྤྱི་འཐུས་ནས་ཆོས་རིག་ལས་ཁུངས་སུ་ཡི་གེ་ཕུལ་ནས། ཆོས་བརྒྱུད་གཞན་ཞིག་ཡིན་པ་གསལ་པོ་བྱུང་རྗེས། འགྱུར་བ་གཏོང་རྒྱུ་ལས་སླ་རུ་འགྲོ་ཡི་མེད་འགྲོ་བསམ་པ་རེད། དེའི་ཐོག་སྤྱི་ཚོགས་ནང་བསམ་ཚུལ་གཅིག་ཡིན་པ་ད་དུང་ཆགས་ཡོད་པ་མ་རེད། རིམ་པས་གསལ་བོ་ཆགས་རྒྱུར་རེ་བ་བྱེད་ཀྱི་ཡོད་”ཅེས་གསུངས་སོང།
ཁོང་གིས་མུ་མཐུད་གསུང་དོན། “ལྷག་པར་བོད་ནང་དུ་རྒྱ་ནག་གཞུང་གིས་ང་ཚོའི་སྤྱི་ཚོགས་ནང་བསམ་ཚུལ་འདྲ་མིན་ཅུང་ཡོད་པ་ལ་ཆབ་སྲིད་ཀྱི་ཐོག་ནས་ལག་པ་འཆང་རྒྱུའི་བློ་འཚབ་ཡོད་ལ། ཤེས་ཀྱང་ཤེས་ཀྱིི་ཡོད། བློ་འཚབ་དེ་རྒྱ་མིས་མགོ་སྐོར་བཏང་ནས། བོད་ནང་གི་ཇོ་ནང་པ་ཚོ་མགོ་སྐོར་ཐེབས་འགྲོ་ཡི་རེད་རྩ་བ་ནས་དྲན་གྱི་མེད་མོད། དེའི་རིགས་ལ་ང་ཚོ་ཚང་མས་དེ་སྔོན་བཞིན་གཟབ་གཟབ་བྱས་ནས། ༧གོང་ས་མཆོག་གི་ལམ་སྟོན་འོག་རྡོག་རྩ་གཅིག་སྒྲིལ་དགོས་པ་རེད། ང་ཚོ་ནང་ཁུལ་དུ་མཚམས་མཚམས་སུ་བསམ་ཚུལ་མཐུན་པ་དང་མ་མཐུན་པ་ཡོང་གི་རེད་མོད། ནང་ཁུལ་སྐད་ཆ་བཤད་ནས་རྡོག་རྩ་གཅིག་སྒྲིལ་དགོས་པ་རེད་”ཅེས་སོགས་གསུངས་སོང།
ཉིན་དེའི་སྐུ་མགྲོ་གཙོ་བོ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་བོད་པའི་རིག་གཞུང་དང། སངས་རྒྱས་ཆོས་ལུགས་ཀྱི་དགེ་མཚན་སྐོར་གསུངས་རྗེས། ཁོང་གིས་ཇོ་ནང་པའི་སྐོར་གསུང་དོན། འཛམ་གླིང་དུ་ནང་པའི་ཆོས་ལ་ཚང་མས་དོ་སྣང་བྱེད་ས་ཞིག་ཆགས་བསྡད་ཡོད་པ་རེད། ཇོ་ནང་ལྟ་བུ་ཡིན་ནའང་ནང་པ་ཡིན་མིན་ལ་རྩོད་པ་ཞིག་ཡོད་པ་མ་རེད། ངས་ཉིན་གཅིག་གཉིས་སྔོན་ལ་དེ་འདྲ་ཞིག་གོ་སོང་མ་མཏོགས། དེ་སྔོན་ང་ཚོར་དེ་འདྲའི་དོགས་པ་རྣམ་རྟོག་ཙམ་ཡང་མེད་ལ། མ་འོངས་པར་ཡང་ཡོང་གི་མ་རེད། ངས་བསམ་ན་ཇོ་ནང་པ་དེ་དེ་རིང་ཁ་སང་ཆགས་པའི་ཆོས་བརྒྱུད་ཅིག་རེད་དྲན་གྱི་མེད། དེ་རྒྱལ་རབས་ལོ་རྒྱུས་མང་པོའི་ནང་གསལ་བསྡད་པ་ཞིག་རེད་མ་གཏོགས། མི་གཅིག་གཉིས་ཀྱིས་བཟོས་བཞག་པ་ཞིག་མིན་པ་བོད་པའི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་ཞེ་དྲག་གསལ་པོ་རེད་”ཅེས་དང། “ཇོ་ནང་གིས་ཀྱང་དེབ་རྩོམ་རྒྱུ་དང། ངོ་སྤྲོད་དྲིལ་བསྒྲགས་བྱེད་རྒྱུ་གཞན་དང་གཅིག་མཚུངས་གནང་རྒྱུ་གནད་འགག་ཆེན་པོ་རེད་མ་གཏོགས། ཇོ་ནང་གཅིག་པུ་ལ་དེ་འདྲ་དཀའ་ངལ་ཆགས་བསྡད་ཡོད་པ་ངས་མཐོང་གི་མེད། ད་ལྟ་༼ཇོ་ནང་འགྲོ་ཕན་ལྷན་ཚོགས་༽ཞེས་པ་འདི་བཙུགས་པ་དང་དམིགས་ཡུལ་ཚང་མ་ཡག་པོ་འདུག གང་ལ་དཀའ་ངལ་ཡོད་པ་དེ་ལམ་སང་འབུལ་དུ་བཏོན་ནས། དེའི་ཐོག་བཤད། དེའི་ཐོག་འཁྲུག་པ་རྒྱག་རྒྱུ་དེ་འདྲ་གནང་མ་བསྡད་པར། ཇོ་ནང་པ་རང་ངོས་ནས་སོ་སོའི་རྐང་པའི་ཐོག་ཏུ་ལངས་ཐུབ་པ་དང། ཞན་ཆ་ཡར་རྒྱས་གཏོང་ཐུབ་རྒྱུར་འབད་བརྩོན་ཕུན་སུམ་ཚོགས་པ་གནང་ཐུབ་ན། ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ལྟར། སྔོན་མ་བོད་ལ་ག་རེ་ཡོད་མེད་ངས་ཞུ་དགོས་པ་མ་རེད། དེ་ཐོབ་མི་ཐོབ་དང། རྩོད་རྒྱག་རྒྱུ། སྤྲད་འཇོག་རྒྱུ་ཞིག་དང། སྤྲོད་མཁན་གྱི་མི་དང། ལེན་མཁན་གྱི་མི་ཡོད་པ་མ་རེད་བསམ་གྱི་འདུག སོ་སོ་ལ་ཡོད་པ་དེ་ཡོད་པ་རིང་རེད། ད་ལྟ་ཇོ་ནང་འགྲོ་ཕན་གླིང་གི་དམིགས་ཡུལ་བཞིན་ལག་བསྟར་ཐུབ་ན། སོ་སོ་ལ་ཐོབ་ཐང་ཡོད་པ་དེ་རང་བཞིན་གྱིས་ཡོད་པ་རེད་མ་གཏོགས། སུ་གཅིག་གིས་ཕྲོགས་ཡོད་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཡོད་དང་མེད། དེར་འགྱུར་བ་གཏོང་རྒྱུ་དེ་ཚོ་ཐུབ་དང་མི་ཐུབ་ལ་ཐེ་ཚོམ་དགོས་ཀྱི་མ་རེད་དྲན་གྱི་འདུག་”ཅེས་སོགས་གསུངས་སོང།
ཁོང་གིས་མུ་མཐུད་གསུང་དོན། “ཐོས་བསམ་སྒོམ་གསུམ། འཆད་ཁྲིད་རྩོད་གསུམ། འཕགས་པའི་དགེ་འདུན་གྱི་བྱ་བ་དེ་ཚོར་དད་ལྡན་དང་བ་འདྲེན་པ་ཞིག་ཡར་རྒྱས་གཏོང་ཐུབ་ན། གསེར་ས་འོག་ཏུ་ཡོད་ནའང། འོད་ནམ་མཁར་གསལ་བ་ལ་ཐེ་ཚོམ་ཡོད་པ་མ་རེད། ཇོ་ནང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་བོད་མི་མང་སྤྱི་འཐུས་དང། དེ་དང་འབྲེལ་བའི་ཚོགས་འདུ་ཁ་ཤས་ལ་འགྲོ་མ་ཐུབ་པ་ཙམ་རེད། དེ་མིན་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ནང་སྐྱབས་ཡུལ་དགེ་འདུན་པར་ཞབས་ཕྱི་ག་རེ་ཞུ་དགོས་པ། གསོལ་བ་ག་རེ་འདེབས་དགོས་པ་གཅིག་མཚུངས་ཡོད་པ་ལས། ཇོ་ནང་པར་སྐལ་ཆད་སོང་བ་ཞིག་ཡོད་པ་མ་རེད། གལ་སྲིད་དེ་འདྲ་ཡོད་ན། མ་འོངས་པར་ཆོས་རིག་ལས་ཁུངས་ཀྱི་སྒོ་རྡུང་རོགས་གྱིས། ང་ཚོ་ཞབས་ཕྱི་ཞུ་མཁན་གྱི་གཡོག་པོ་བྱས་ནས་བསྡད་ཡོད་པ་རེད། དེ་སྔོན་བྱས་ཡོད་ལ། མ་འོངས་པར་ཡང་བྱེད་ཀྱི་ཡིན་”ཞེས་དང། གྲོས་ཚོགས་ནས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་དེ་ཆོས་རིག་ལས་ཁུངས་སུ་ཞིབ་འཇུག་དགོས་སྐོར་བརྗོད་པ་བཞིན། ཆོས་རིགས་ལས་ཁུངས་ཀྱི་ངོས་ནས་ཆོས་ཚོགས་ཐོག་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་སྐུ་ཚབ་རེ་གཏོང་གནང་གིས་ཞིབ་འཇུག་བྱེད་འཆར་ཡོད་པ་དང། ས་སྐྱ་དང། དགེ་ལུགས། བོན་པོ་བཅས་ནས་སྐུ་ཚབ་བསྐོས་ཟིན་ཡང། རྙིང་མ་པས་ཇོ་ནང་ལ་ཞིབ་འཇུག་དགོས་དོན་མ་མཆིས་ཞེས་སྐུ་ཚབ་བསྐོས་མེད་པ་དང། བཀའ་བརྒྱུད་པའི་ད་དུང་སྐུ་ཚབ་བསྐོས་མེད་སྐོར་སོགས་ཡང་ངོ་སྤྲོད་གནང་སོང།