ཚད་མཐོའི་ཉེན་སྲུང་འོག་ཞི་ཅིན་ཕིང་ཧོང་ཀོང་དུ་ཐེངས་དང་པོར་འབྱོར་བ།

དབྱིན་ཡུལ་གྱིས་ཧོང་ཀོང་རྒྱ་ནག་ལ་ཕྱིར་སྤྲོད་བྱས་ནས་ལོ་༢༠ འཁོར་བའི་དུས་དྲན་ཆེད། ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་ནས་ཐེངས་དང་པོར་འབྱོར་ཡོད་པ་དང་། དེའི་སྔོན་གྱི་ཉིན་མོར་ངོ་རྒོལ་ལས་འགུལ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་ཁར། མང་གཙོ་དང་རང་བཙན་དོན་གཉེར་བ་ཚོས་ད་དུང་ངོ་རྒོལ་ལས་འགུལ་ཁག་ཅིག་སྤེལ་སྲིད་པ་རེད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༦ པའི་ཚེས་༢༩ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཧོང་ཀོང་དུ་འབྱོར་ཡོད་པ་དང་། གནམ་ཐང་དུ་ཁོང་གིས་དུས་དྲན་དེ་ནི་རྒྱལ་ཁབ་ཀྱི་དུས་དྲན་ཆེན་པོ་ཞིག་ཡིན་པ་དང་། དེ་བཞིན་ད་བར་ལོ་༢༠ ཡི་རིང་ཧོང་ཀོང་གི་གྲུབ་འབྲས་ལ་བསྔགས་བརྗོད་དང་སྦྲགས། ཧོང་ཀོང་དང་འབྲེལ་བའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྒྲོམ་གཞི་དེ་མུ་མཐུད་འགྲོ་རྒྱུར་འདོད་མོས་ཡོད་སྐོར་བརྗོད་ཡོད་འདུག

ཞི་ཅིན་ཕིང་ཧོང་ཀོང་དུ་མ་འབྱོར་བའི་ཉིན་གཅིག་སྔོན་དུ། དུས་དྲན་གྱི་མཛད་སྒོའི་སྐབས་རྒྱལ་དར་བསྒྲེངས་ཡུལ་གྱི་ཁྱམ་ར་གྲུ་བཞི་མ་ཞིག་ཏུ་། དེ་སྔོན་ཕྱི་ལོ་༢༠༡༤ ལོའི་ཧོང་ཀོང་གི་ཉི་གདུག་ལས་འགུལ་ཆེན་མོའི་འགོ་ཁྲིད་ཇོ་ཤེ་ཝ་ཝོང་དང་ནེ་ཐེན་ལྭོ་གཉིས་ཀྱི་འགོ་ཁྲིད་ཀྱིས། ལས་འགུལ་བ་༢༤ ལྷག་གིས་དེ་གར་ཡོད་པའི་མེ་ཏོག་གི་སྐུ་འདྲ་ཆེན་པོར་ལྕག་ཐག་གིས་རང་ཉིད་བཅིངས་ནས་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཁོ་ཚོས་སྐུ་ཞབས་ལིའུ་ཞོའི་པོ་ལ་དྲང་བདེན་དགོས་པ་དང་། ཧོང་ཀོང་ལ་མང་གཙོའི་རང་དབང་དགོས་དགོས་སྐོར་སོགས་ཀྱི་སྐད་འབོད་བྱས་ཡོད་འདུག ཆུ་ཚོད་གསུམ་གྱི་རྗེས་སུ་ཉེན་རྟོག་པས་ལས་འགུལ་བ་རྣམས་ལྕག་ཐག་ལས་བཀྲོལ་ཐུབ་པ་བྱུང་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

ཞི་ཅིན་ཕིང་ཧོང་ཀོང་དུ་ཟླ་༧ པའི་ཚེས་༡ བར་སྡོད་རྒྱུ་ཡིན་པ་དང་། དེའི་རིང་ཧོང་ཀོང་གི་སྤྱི་ཁྱབ་གསར་རྙིང་མཉམ་དུ་དགོང་དྲོའི་གསོལ་ཚིགས་ལ་མཉམ་ཞུགས་བྱ་རྒྱུ་དང་། རྒྱ་ནག་གི་མི་མང་བཅིངས་གྲོལ་དམག་གི་སྒྲིག་འཛུགས་ཀྱི་དམག་སྒར་ཁག་ལ་ལྟ་སྐོར་བྱེད་རྒྱུ་ཡིན་འདུག དེ་བཞིན་ཟླ་༧ པའི་ཚེས་༡ སྟེ་དུས་དྲན་གྱི་ཉིན་མོར། ཧོང་ཀོང་གི་སྤྱི་ཁྱབ་གསར་པ་ལས་ཁུར་དམ་འབུལ་དང་རྒྱལ་དར་བསྒྲེངས་འཛུགས་བྱས་རྗེས། རྒྱ་ནག་ཏུ་ཕྱིར་ལོག་རྒྱུ་ཡིན་འདུག

ཞི་ཅིན་ཕིང་ཧོང་ཀོང་དུ་འདུག་པའི་རིང་། མང་གཙོ་དང་རང་བཙན་དོན་གཉེར་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་འཆར་ཡོད་འདུག་ཀྱང་། ཧོང་ཀོང་དུ་ཞི་ཅིན་ཕིང་གི་བདེ་འཇགས་ཆེད་དུ་ཉེན་རྟོག་པ་༡༡༠༠༠ ཙམ་ལ་ལས་བགོས་བྱས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།