པར་ལེན་སྒྱུ་རྩལ་གྱི་ཆེད་དེབ་ཅིག་དབུ་འབྱེད།
ཟླ་འདིའི་ཕྱི་ཚེས་༤ ཉིན་གྱི་ཕྱི་དྲོར་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་པར་ཕྱོགས་བསྒྲིགས་ཀྱི་ཆེད་དེབ་(IN Frame) ཞེས་པ་ཞིག་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་དབུ་འབྱེད་བྱས་སོང་ལ། སྐབས་དེར་མཐོ་རིམ་སློབ་མ་སོགས་གཞོན་སྐྱེས་མང་པོ་ཞིག་འཛོམས་འདུག
པར་ལེན་སྒྱུ་རྩལ་གྱི་ཆེད་དེབ་(IN Frame) ཞེས་པ་དེ་ནི་པར་པ་སྐལ་བཟང་འཇིགས་མེད་ཀྱིས་གཙོ་འགན་ཁུར་ཏེ་ཆེད་སྒྲིག་བྱས་པ་ཞིག་རེད་ལ། དེབ་ནང་གི་རྩོམ་དང་། པར་ཚང་མ་བོད་པ་རང་གི་བརྩམས་ཆོས་ཡིན་པ་རེད། གཞན་ཡང་ད་ཐེངས་པར་དེབ་ཆེད་སྒྲིག་དང་པོའི་ནང་པར་ལེན་ཤེས་བྱ་རང་དང་འབྲེལ་བའི་སྡེ་ཚན་ཁག་ཅིག་དང་། བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་བསྐུར་བའི་རྩོམ་ཞིག་དང་པར་རིས་ཁག་ཅིག དེ་བཞིན་ཕྱི་རྒྱལ་ནང་གི་བོད་རིགས་པར་ལེན་པ་བསོད་ནམས་འཛོམས་སར་དང་། ཨོ་གླིང་གི་པར་པ་དཀོན་མཆོག་བཅས་ཀྱིས་བླངས་པའི་པར། རྒྱ་གར་བང་ཆེན་གསར་ཁང་གི་པར་པ་བཀྲ་ཤིས་སྟོབས་རྒྱལ་ལ་པར་ལེན་སྒྱུ་རྩལ་དང་འབྲེལ་བའི་བཅར་འདྲི་བྱས་པ་ཞིག་ཀྱང་ཡོད་འདུག
སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་གིས་པར་ལེན་སྒྱུ་རྩལ་ཆེད་སྒྲིག་མི་སྣས་གསར་གཏོད་དང་རང་ཁ་རང་གསོའི་ལྟ་གྲུབ་དེ་ཏག་ཏག་འགྲུབ་བསྡད་པའི་བཟོ་ཡོད་སྐོར་དང་། བྱ་བ་དེར་ཁོང་ཉིད་མི་སྒེར་དང་ཤེས་རིག་ལས་ཁུངས་གཉིས་ཀའི་ངོས་ནས་རྗེས་སུ་ཡི་རངས་དང་པར་ལེན་སྒྱུ་རྩལ་གྱི་དུས་དེབ་དང་རྩོམ་སྒྲིག་མི་སྣའི་དགོངས་པ་བཞེད་ཕྱོགས་ལས་རང་རེའི་ན་གཞོན་རྣམས་ལ་གསར་གཏོད་ཀྱི་སྐུལ་མ་ཐེབས་ངེས་སྐོར། གཞན་ཡང་བཙན་བྱོལ་གྱི་སློབ་མ་རྣམས་མཐོ་སློབ་ཐོན་པ་ཚང་མར་བཙན་བྱོལ་བོད་གཞུང་དང་ཚོགས་སྐྱིད་ཁག་ནང་ལས་ཀའི་ས་མིག་ཐོབ་མི་ཐུབ་པས། གསར་གཏོད་ཀྱི་བསམ་བློའི་ཐོག་ནས་བྱ་བ་འདྲ་མིན་བརྩམས་ཐུབ་ཚེ། དེང་དུས་སྤྱི་ཚོགས་ནང་འགྲོ་ཐུབ་ཁར། སྒེར་གྱི་དཀའ་ངལ་སེལ་ཐུབ་པ་སོགས་དགེ་མཚན་ཆེན་པོ་ཡོད་སྐོར་དང་དེའི་ཐོག་ཤུགས་སྣོན་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར། གཞན་ཡང་ངོ་དེབ་སོགས་དང་འདྲ་བ་མཉེན་ཆས་ཀྱི་རིགས་ཡག་པོ་གསར་གཏོད་བྱས་ཐུབ་ན་མཚན་གཅིག་གི་རིང་ལ་དངུལ་སྒོར་ཐེར་འབུམ་གྱི་བདག་པོ་ཡོང་ཐུབ་སྐོར་དང་། དེའི་སྐོར་ལ་གོ་རྟོགས་ཡོང་རྒྱུ་གལ་ཆེ་སྐོར་སོགས་གསུངས་སོང་།
པར་ལེན་སྒྱུ་རྩལ་ཆེད་སྒྲིག་གི་གཙོ་འགན་བཞེས་མཁན་སྐལ་བཟང་འཇིགས་མེད་ཀྱིས་པར་ལེན་སྒྱུ་རྩལ་གྱི་དེབ་དབུ་འབྱེད་མཛད་སྒོར་ཡོང་མཁན་ཚང་མའི་ལག་ཏུ་སྨྱུ་གུ་དང་། དེབ་ཡོད་པའི་ངེས་པ་མེད་ཀྱང་། ཆེ་ཆུང་ལ་མ་ལྟོས་པའི་པར་ཆས་རེ་ཡོད་ངེས་ཡིན་སྐོར་དང་སྦྲགས། བོད་པའི་སྤྱི་ཚོགས་ནང་པར་ལེན་སྒྱུ་རྩལ་ལ་དོ་དབྱིངས་ཡོད་མཁན་དང་། དེའི་ཐོག་དཀའ་ལས་རྒྱག་མཁན་མང་པོ་ཡོད་ཀྱང་། དེ་དག་ལ་སྒྱུ་རྩལ་སྟོན་སའི་སྡིངས་ཆ་དེ་ཙམ་མེད་རྐྱེན་བོད་པའི་པར་ལེན་པ་རྣམས་ཀྱི་སྒྱུ་རྩལ་བོད་པའི་སྤྱི་ཚོགས་ནས་མཐོང་ཐུབ་ཀྱི་མེད་སྟབས་དུས་དེབ་དེ་ཆེད་སྒྲིག་བྱས་པ་ཡིན་སྐོར་དང་། རྒྱུ་མཚན་གཞན་ཞིག་ནི། དུས་དེབ་ཆེད་སྒྲིག་དེའི་ནང་ལས་ཀ་བྱེད་མཁན་ཁོ་རང་དང་། བསྟན་འཛིན་ཚེ་རྣམ། བསྟན་འཛིན་ཆོས་སྒྲོན། དཔག་བསམ་བཅས་མི་བཞི་ཡོད་པ་ཚང་མས་༧གོང་ས་མཆོག་དང་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་དྲན་ནས། སོ་སོའི་ལས་རིགས་དང་འཚམས་པའི་ཐོག་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་ག་རེ་བསྒྲུབ་ཐུབ་ཀྱི་འདུག་བལྟ་དུས། པར་ལེན་སྒྱུ་རྩལ་གྱི་དུས་དེབ་དེ་ཆེད་སྒྲིག་བྱས་ཐུབ་ན་དེ་བརྒྱུད་ནས་སྤྱི་ཚོགས་ཀྱི་གནས་ཚུལ་གསལ་བཤད་བྱེད་རྒྱུ་དང་། ལོ་རྒྱུས་ཀྱི་དཔང་པོ་ཡོང་ཐུབ་སྟབས་དེ་ལྟར་བྱས་པ་ཡིན་སྐོར་སོགས་བརྗོད་སོང་། ཡང་ཁོང་གིས་དུས་དེབ་ཀྱི་འགྲོ་སོང་ཐད་ཞལ་འདེབས་སློང་སྐབས་ཕྱི་སྡོད་གྲོགས་པོ་ཞིག་གི་ལག་ནས་ཧིན་སྒོར་༥༠༠༠ ཞིག་ལས་གཞན་མ་རག་སྟབས་ལས་ཀའི་ཡོང་སྒོ་ནས་བརྒྱ་ཆ་༢༥ ཟུར་འཇོག་དང་། དེས་མ་འདང་བ་ལྷག་མ་རྣམས་སྤུན་མཆེད་རྣམས་ལ་རེ་སྐུལ་བརྒྱབས་ནས་དུས་དེབ་སྤར་སྐྲུན་བྱེད་པ་ཡིན་སྐོར་དང་། དུས་དེབ་རེར་འགྲོ་སོང་ཧིན་སྒོར་༡༨༠ འགྲོ་ཡོད་པ་བཞིན་ད་ལྟ་མ་གནས་རང་ལ་འཚོང་རྒྱུ་ཡིན་པ་དང་། གཞན་ཡང་དུས་དེབ་རེ་རེ་བཙོང་ནས་དེའི་རིན་གོང་གི་བརྒྱ་ཆ་༡༥ ཟུར་དུ་བསགས་ནས་མ་འོངས་པར་བོད་པའི་པར་ལེན་རྣམས་ལ་མ་དངུལ་གྱི་རམ་འདེགས་སུ་སྤྲད་ཐུབ་པ་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།
གཞན་ཡང་དབུ་འབྱེད་མཛད་སྒོའི་ཐོག་དེ་སྔོན་ཕྱི་ལོ་༢༠༡༦ ལོར་པར་ལེན་སྒྱུ་རྩལ་འགྲན་སྡུར་ཞིག་བྱས་པའི་ཁྲོད་ནས་ཁོར་ཡུག་དང་། ངོ་རིས། སྲང་ལམ། སྲོག་ཆགས་བཅས་སྡེ་ཚན་བཞིའི་ཐོག་ལ་པར་ལེན་ཡང་རྩེར་སོན་མཁན་རེ་ལ་བྱ་དགའ་སྤྲད་སོང་། འགྲན་སྡུར་དེའི་ནང་བོད་དང་། རྒྱ་གར། ཕྱི་ཡི་རྒྱལ་ཁབ་ཁག་བཅས་ནས་བོད་ཀྱི་པར་ལེན་པ་༡༠༠ ལྷག་འཛུལ་ཞུགས་བྱུང་ཡོད་འདུག དེ་བཞིན་ཉེ་ཆར་པར་སྐྲུན་བྱས་པའི་བཙན་བྱོལ་ཞེས་པའི་པར་དེབ་ཅིག་བྱུང་ཡོད་པ་དེར་རྗེས་སུ་ཡི་རངས་མཚོན་ཆེད་དུ་དམིགས་བསལ་བྱ་དགའ་ཞིག་ཀྱང་སྤྲད་སོང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།
