རྒྱལ་བ་བསྟན་འཛིན་རྒྱ་མཚོ།
རྨོངས་དད་ཀྱི་སོར་རྩེར་བཏེགས་པ་ཁོ་ནས་ཁྱེད་རང་གི་ཞབས་རྟེན་ཨེ་འགྲུབ།
ཁ་སྟོང་གིས་གླེང་བ་གཅིག་པུས་ཁྱེད་རང་གི་སྐུ་ངལ་ཨེ་གསོ།
ཁྱེད་རང་གི་ཞལ་འཛུམ་ཡལ་མ་མྱོང་བའི་ཐུགས་སྤོབས་རེ་རེ་ཡིས།
རྒུད་བཞིན་པའི་བོད་མི་དམངས་ལ་གསོན་ཤུགས་བསྩལ་ཡོང་།
འཆི་བཞིན་པའི་བོད་མི་དམངས་ལ་སྙིང་སྟོབས་རྒྱས་ཡོང་།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
སྡུག་བསྔལ་གྱི་ཀློང་ལས་གྲོལ་བའི་བྱང་ཆུབ་སེམས་དཔའ་བ།
འཁོར་བའི་དབྱིངས་རིམ་ནས་བྱམས་བརྩེ་ཡི་སྤྱན་ཟུང་ཕྱེ་བའི་བའི་འོད་དཀར་ཟླུམ་པོ།
འཇིག་རྟེན་གྱི་སྣང་ངོར་མི་ཡི་ཚུལ་མཛད་པའི་ཡུལ་གྱར་གྱི་གྲྭ་རྐྱང་འཁྱམས་པོ།
གལ་ཏེ་ཁྱེད་རང་སྤྱིར་བཏང་བ་ཞིག་ཡིན་པའི་དབང་དུ་བཏང་ན་ད་ནི་ཁྲོས་ཡོད་ཚོད་ཡིན།
གལ་ཏེ་ཁྱེད་རང་སོ་སྐྱེས་ཐ་ཤུལ་ཞིག་ཡིན་པའི་དབང་དུ་བཏང་ན་ད་ནི་ཐང་ཆད་ཡོད་ཚོད་ ཡིན།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
ཁྱེད་ཀྱིས་མི་ཐོག་ཇི་སྙད་ཅིག་ལ་འབངས་མི་སེར་གྱི་ཆེད་དུ་སྐུ་ངལ་གསོ་མ་མྱོང་།
ཁྱེད་ཀྱིས་འཇིག་རྟེན་འགྲོ་བ་ཡོངས་ལ་ཕྱོགས་རུས་ཀྱི་སེམས་ཁམས་བསྐྲུན་མ་མྱོང་།
དེ་དག་དང་། དེ་དག་གི་ཐུགས་རྗེའི་བཀའ་དྲིན་གྱིས།
ད་གཟོད་ང་ཚོ་འཛམ་གླིང་གིས་གཞི་ནས་རྙེད་ཅིང་།
ད་གཟོད་ང་ཚོ་འགྲོ་མི་ཉམ་ཆུང་ཞིག་ཡིན་པའང་གཞི་ནས་རྟོགས་ཡོད།
རྒྱལ་བ་བསྟན་འཛིན་རྒྱ་མཚོ།
ང་ཚོའི་མི་རིགས་འདིར་ཁྱེད་རང་ཡོད་པས་ངར་རྒྱལ་གྱི་མགོ་འཕང་དགྱེ་ཡོད།
ང་ཚོའི་མི་རིགས་འདིར་ཁྱེད་རང་ཡོད་པས་སྐྱིད་གཉིད་ཀྱི་འཚོ་བར་ཐིམ་ཡོད།
ཁྱོད་སྐུའི་ཐུགས་རྗེའི་ནུས་སྟོབས་ཀྱི་དྲོད་ཁོལ་བསྟེན་ནས།
མི་དམངས་འདིས་ཅི་ཡང་དྲན་གྱི་མེད་ལ་ཅི་ཡང་འཇོན་གྱི་མེད།
ཅི་ཡང་འཇོན་གྱི་མེད།ངའི་དད་ པའི་དག་སྣང་འདིས་ཁྱེད་རང་མི་ཡིན་པ་བརྗེད་སོང་།
ངའི་ཡིད་ཆེས་བརྟན་པོ་འདིས་ཁྱེད་ཀྱི་འོ་བརྒྱལ་མཐོང་མ་སོང་།
༢༠༠༩/ ༩/ ༧ ཉིན།