རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་སློབ་མའི་ཟས་བཅད་ངོ་རྒོལ།

ས་གནས་གཞུང་འབྲེལ་ཡོད་དཔོན་རིགས་ཚོས་སློབ་གྲྭའི་དགེ་རྒན་ཚོར་སློབ་ཕྲུག་ཚོའི་ཟས་བཅད་ངོ་རྒོལ་མཚམས་འཇོག་ཡོང་ཐབས་ཀྱི་སློབ་གསོ་རྒྱག་དགོས་པའི་བཙན་བཀའ་བཏང་བ་དང། ཕྱི་ལོ་༢༠༡༠ ཟླ་༤ ཚེས་༢༢ ཡས་མས་སུ་ཕ་ཡུལ་མུ་ར་ནས་ཡིན་པའི་སློབ་ཕྲུག་བུ་མོ་ཞིག་དང། མཛོད་དགེ་ཉིན་མ་ནས་ཡིན་པའི་སློབ་མ་གཅིག་སློབ་གྲྭ་ནས་ཕྱིར་འབུད་བྱས་ཡོད་འདུག  ཁོང་གཉིས་སློབ་གྲྭ་ནས་ཕྱིར་འབུད་བྱེད་དོན་ནི། སློབ་གཙོ་རྣམ་པའི་གོ་གནས་ཕབ་ལེན་དང་སློབ་མ་ཚེ་རིང་དོན་འགྲུབ་དང་ཐུབ་བསྟན་ཉི་མ་གཉིས་སློབ་གྲྭ་ནས་ཕྱིར་འབུད་དང་འཛིན་བཟུང་བྱས་པ་དྲང་བདེན་དང་ཁྲིམས་མཐུན་མིན་པའི་གནས་ལུགས་དྲང་བརྗོད་བྱས་པས་ཡིན་འདུག

དེ་བཞིན་༼རེ་བའི་རྐང་ལམ་༽ཚགས་པར་གྱི་རྩོམ་སྒྲིག་པ་མུ་ར་དགོན་གྱི་གྲྭ་གསུང་རབ་འཛིན་བཟུང་བྱས་རྗེས་ཁོང་གི་གྲོགས་པོ་མུ་རུ་དགོན་རྨ་ཡུལ་བསམ་གཏན་ཆོས་འཁོར་གླིང་གི་གྲྭ་སྦྱིན་པ་དང་སངས་རྒྱས། གྲགས་ལྡན། མཁྱེན་དཔལ་རྣམས་ས་གནས་མངགས་གཏོང་ཁང་དུ་ཡང་ཡང་འབོད་འགུག་གིས་གྲྭ་གསུང་རབ་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་འདྲི་བརྩད་དང་སུན་གཙེར་བྱེད་མུས་ཡིན་འདུག་ཅེས་རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་༥ ཚེས་༢ སྤྲོད་སོང།།