ཀོ་ལེ་གྷལ་དུ་མཆོད་འབུལ་སྨོན་ལམ་འཚོགས་འདུག

ཟླ་༧ པའི་ཚེས་༢༣ ཉིན་གྱི་དགོང་མོའི་ཆུ་ཚོད་༦ པའི་ཐོག་ཀོ་ལེ་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་དགོན་སྡེ་ཁག་ཚང་མ་མཉམ་འབྲེལ་གྱིས་གོ་སྒྲིག་འོག་ས་གནས་རང་ཁོངས་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ཆེད་མཆོད་འབུལ་སྨོན་ལམ་རྒྱ་གང་ཆེ་ཞིག་འཚོགས་ཡོད་པ་རེད་འདུག

སྐབས་དེར་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་དབུས་མཁན་སྤྲུལ་བླ་སློབ་གྲྭ་བཙུན་སྔགས་གསུམ་དང་། མི་མང་ཡང་སྔོན་དང་མི་འདྲ་བའི་ཕོན་ཆེན་འཛོམས་ནས་སྨོན་ལམ་རྣམ་ལྔ་དང་མ་ཎི་གང་མང་བསགས་འདུག་པ་དང་། རྗེས་སོར་སྤྱི་འཐུས་འཇམ་དཔལ་བསྟན་འཛིན་གྱིས། དེ་རིང་དགོན་སྡེ་ཁག་ཚང་མ་གཅིག་སྒྲིལ་གྱིས་མཆོད་འབུལ་དང་སྨོན་ལམ་གནང་བར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། འབྱུང་འགྱུར་ཡང་ལས་དོན་གང་ཞིག་ཡིན་ཡང་མཉམ་འབྲེལ་བྱེད་ན་ནུས་ཤུགས་ཆེ་ཞིང་ཕྱོགས་གང་ས་ནས་དགེ་མཚན་ཡོད་པ་རེ། དེ་བཞིན་ཉིན་མོ་འདིར་ཕྱོགས་གཅིག་ནས་བསམས་ན་ང་ཚོ་སེམས་ཕམ་ཞིང་ཡིད་སྐྱོ་བའི་ཉི་མ་ཞིགརེད། ང་ཚོའི་བསྟན་སྲིད་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་ཞིག་མེད་པ་ཆགས་སོང་བ་རེད། ཕྱོགས་གཞན་ཞིག་གི་ངོས་ནས་བསམ་ན་ང་ཚོའི་མི་རིགས་དང་གཞིས་ཆགས་འདིར་བསམ་ན་སྤོབས་པ་སྐྱེ་འོས་པ་དང་། གཟི་བརྗིད་ཅིག་ཏུ་ངོམས་ན་ཡང་ཆོག་པ་རེད། བོད་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ནང་གསེར་ཡིག་འབྲི་མཁན་གྱི་དཔའ་བོ་ཞིག་བྱུང་བ་རེད། དེར་མིག་ལྟོས་བྱས་ནས་འབྱུང་འགྱུར་མི་རེའི་ངོས་ནས་བསྟན་པ་ཆབས་སྲིད་ཆེད་རང་ནུས་གང་ཡོད་བྱེད་དགོས་པའི་བརྡ་འམ་དྲི་རྟགས་རེ་བཀོད་པ་རེད། དཔའ་བོ་ཁོང་སྐྱེ་ས་གྲོང་གསེབ་ཤིང་ནགས་ནང་དུ་ཕག་པ་དང་མཉམ་དུ་སྐྱེས་ཡོད་ན་ཡང་། གྲོངས་ས་འཛམ་གླིང་ལ་ཁ་ཕྱོགས་ནས་གྲོངས་སོང་བ་རེད། འཛམ་གླིང་སྐྱེས་ཆེན་རྣམས་ཀྱི་མདུན་ནས་གྲོངས་སོང་བ་རེད། འཛམ གླིང་མཁས་ཆེན་དང་ལར་ཞེན་ཅན་རྣམས་ཀྱི་མདུན་ནས་གྲོངས་སོང་བ་རེད། སྤྱིར་ཤ་རུས་ཁྲག་རྒྱུད་གཅིག་ལས་ཆད་པའི་སྤུན་ཟླ་སུ་ཡིན་ན་ཡང་སྐྱིད་སྡུག་མཉམ་ཁུར་བྱེད་དགོས་ངེས་རེད། མང་པོ་ཅིག་ལ་ང་ཚོས་སྨོན་ལམ་འདེབས་པ་ཙམ་མ་གཏོགས་གཞན་ཐབས་ཤེས་མེད་ས་ཡང་ཡོད་པ་རེད། དེ་རིང་ཡིན་ན་ཁ་ལག་མཉམ་དུ་ཐོན་དགོས་པ་ལས་ཁ་ཙམ་གྱིས་ཁ་གཡང་སྒྲོགས་རྒྱུ་ཙམ་མ་རེད། དེ་འདྲ་ཡིན་དུས་བདུན་ཚིག་ཁག་ལ་ཡང་དགོན་སྡེ་རྣམས་ཀྱིས་འགན་ཁུར་དགོས་པ་དང་། གཞན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཡིན་ན་ཡང་ཡོད་དགོས་ས་ལ་ཆད་པ་དང་། མི་དགོས་ས་ལྷག་པ་མེད་པའི་ཐོག་ནས་ཚོགས་པ་ཚད་ལྡན་རེ་ཡོད་ན་འགན་ཁུར་ནས་མི་རེ་རེ་དང་། མི་ཚང་རེ་རེའི་སྒོར་བཅར་ནས་ཞལ་འདེབས་རེ་བསྡུ་སླ྄ོང་བྱེད་ནས་ནང་མི་ལ་སེམས་གསོ་དང་རོགས་རམ་བྱེད་ན་དེ་ཡང་དགེ་མཚན་ཞིག་ཡིན་ཚུལ། ཁྱད་པར་ཁོང་གིས་ཞལ་ཆེམས་ནང་ངས་བོད་དོན་ཆེད་མེ་མཆོད་ཕུལ་པ་དང་། དགོས་དོན་སྐད་ཡིག་ལ་བདག་པོ་རྒྱག་དགོས་པའི་ཞལ་ཆེམས་ཡིད་ལ་བཟུང་ནས་དེ་རིང་ནས་བཟུང་རང་རང་ས་ནས་གྲ་སྒྲིག་གང་ཡོད་པ་དང་། གང་བྱེད་པའི་འཆར་གཞི་ཡོད་པ་དེ་རིགས་ལ་བསམ་གཞིགས་ནན་མོ་བྱེད་རྒྱུ་གལ་ཆེན་ཡིན་པ་རེད་ཅེས་སོགས་ལམ་སྟོན་གནང་ཡོད་པ་རེད་འདུག  རྗེས་སུ་མར་མེ་ཁྲོམ་སྐོར་བཅས་བྱས་ཡོད་པ་རེད་འདུག

དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་གྱི་ས་གནས་མང་པོ་ཞིག་ལ་བོད་མི་ཚོས་མཆོད་འབུལ་སྨོན་ལམ་འཚོགས་དང་འཚོག་བཞིན་ཡོད་འདུག

ཟླ་༧ པའི་ཚེས་༢༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་ས་ལྡི་ལི་ནས་བསྟན་འཛིན་ཆོས་དབྱིངས་ཀྱི་སྐུ་ཕུང་གདན་འདྲེན་ཞུས་འགོ་བཙུགས་ཟིན་ཡོད་པ་དང་། ཚེས་༢༥ ཉིན་དྷ་སར་འབྱོར་རྒྱུ་ཡིན་པ་དང་། ཟླ་༧ པའི་ཚེས་༢༦ ཉིན་མྱ་ངན་གྱི་མཛད་སྒོ་འཚོགས་རྗེས་སྐུ་ཕུང་ཞུགས་འབུལ་བྱེད་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།