མ་འོངས་པའི་ཡུལ་ཤུལ་གསར་པའི་འཛུགས་སྐྲུན་ལ་ཧུར་གྱིས་བརྩོན་ཤོག་སྤུན་ཟླ་ཚོ།

གསོན་ཙམ་བྱུང་བའི་རྨས་མ་དག དེ་བཞིན་ཤུལ་ལྷག་མི་མང་རྣམས་ལ་སེམས་གསོའི་དོ་ཁུར་བླངས་ཏེ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད་པ་རེད། འདི་ག་ཧི་མ་ལ་ཡི་རི་རྒྱུད་རྒྱ་གར་དྷ་རམ་ས་ལའང་རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་དང་མཐུན་སྦྱོར་གནང་བའི་དགེ་ཚོགས་དང་འབྲེལ། གངས་ཅན་མགོན་པོ་སྐུ་ཕྲེང་བཅུ་བཞི་པ་༸གོང་ས་ཏ་ལའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་དབུ་བཞུགས་ཐོག་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་འདུས་དམངས་ཡོངས་དང་ས་གནས་དགོན་སྡེ་བཅུ་ཕྲག་གཅིག་ལྷག་གི་དགེ་འདུན་འདུས་པ་རྒྱ་མཚོ་སྤྱི་དང་གཉུག་མར་གནས་པའི་མི་མང་ཡོངས་ཀྱིས་བདུན་ཚིགས་བཞི་པར་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་གནང་བཞིན་ཡོད་པ་རེད།

རང་བྱུང་འབྱུང་བཞི་རང་འགུལ་གྱིས་འགྲོ་བ་མིར་གོད་ཆག་འདི་ལྟ་བུ་བྱུང་བར་སུ་ཞིག་གིས་འཁོན་ར་བྱེད་མི་ཐུབ་ལ་ཞུ་བའང་བྱེད་ག་ལ་ཐུབ། འོན་ཀྱང་། ང་ཚོ་ཐུན་མོང་གི་སྙིང་ལ་བརྣག་པའི་རེ་བ་ཞིག་ཡོད་པ་ནི། ༸གོང་ས་ཡིད་བཞིན་ནོར་བུ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་ཕེབས་ཏེ་འདས་པོ་ཡོངས་ལ་ཐུགས་སྨོན་དང་ཤུལ་ལྷག་གསོན་པོ་རྣམས་ལ་སེམས་གསོའི་ཞལ་གདམས་གནང་བའི་རེ་བ་དེ་ཁོ་ན་ཡིན་ཡང། ཤི་བོའི་ཁ་ཆེམས་གསོན་པོའི་རེ་བསྐུལ་མདོེར་ན་ཤི་གསོན་ཁྲི་ཕྲག་དུ་མའི་མངོན་འདོད་ཡོད་མོད། གུང་ཁྲན་རང་ལུགས་པ་འགས་བརྒྱ་ཁ་གཅིག་ཆོད་ཀྱི་བཀས་བཀོད་འཛུབ་མོ་བརྐྱངས་སྐུམ་བྱེད་ཐེངས་གཅིག་གིས་གཞིས་བྱེས་གཉིས་ཀྱི་རེ་བ་དང་ཚེ་སྲོག་མྱ་ངན་ཐང་ལ་གཡུགས་མཁན་གྱི་གཏེ་བོ་དག་ནི་རྒྱ་དམར་གཞུང་གི་གཙོ་འཛིན་ཧུའུ་ཅེན་ཐོའོ་སོགས་རེད། དོན་རྐྱེན་འདི་ལྟ་བར་ཞི་དྲག་གང་གིས་ཀྱང་ཡ་ལན་སྤྲོད་མི་ནུས་པ་ཞིག་ཡིན་པས་ན་བྱ་ཐབས་བྲལ་འདུག་ཀྱང་། ཤ་རུས་པའི་མཆེད་ཁུངས་གཅིག་ཅིང་ལས་སྐྱིད་སྡུག་གི་འགྲོ་འོང་གཅིག་པ། རྗེ་བླ་མའི་བུ་སློབ་གཅིག་ཅིང་སེམས་ཞི་བདེའི་ཆོས་སྐལ་གཅིག་པའི་བོད་ཕྱི་ནང་གཉིས་ཀྱི་མདོ་ཁམས་ཡུལ་ཤུལ་མི་མང་རྣམས། ང་ཚོ་ནི་སྐྱིད་སྡུག་ལེགས་ཉེས་ཀྱི་རྒྱུ་ལམ་གང་ལ་འཕྲད་ཀྱང་བསྟུན་མཁས་ཤིང་བསྐྱོད་ཤེས་ལྡན་པའི་མགོ་ནག་བོད་པ་ཚང་གི་ཤུལ་འཛིན་ཡིན་པས་ན། སྐྱིད་སྡུག་འདྲེས་མའི་ལམ་ཁ་ཇི་ལྟར་འཐབ་ཀྱང་དཔའ་ཞུམ་ཡིད་ཆད་མེད་པ་ནི་གདོང་དམར་བོད་པ་ཚང་གི་རང་གཤིས་རླབས་ཆེན་ཞིག་ཡིན་པ་ཀུན་གྱིས་གླེང་བཞིན་ཡོད་ཚང་མར་གསལ་ངེས་རེད།

བོད་མི་རྒན་གྲས་ཚོའི་བཤད་སྲོལ་ལྟར། བྱིན་རླབས་རྟེན་ལ་ཆེན་ཆུང་མེད་ལ་ཐུགས་སྐྱེད་སྨོན་ལམ་ལ་ཉེ་རིང་མེད་ཅེས་པའི་དཔེ་མཚུངས་བཞིན་ཐེངས་འདིའི་དོན་རྐྱེན་དང་གོད་ཆག་ཐད་ལ་བོད་ཕྱི་ནང་གཉིས་ཀྱི་ཆོས་སྡེ་ཆེ་ཁག་གདན་ས་སེ་འབྲས་དགེ་གསུམ་དང། རྒྱུད་གྲྭ་སྟོད་སྨད་གཉིས་གསང་ཆེན་སྔ་འགྱུར་རྙིང་མ་པའི་ཀ་དཔལ་རྫོགས་གསུམ་སོགས་མདོར་ན་རིས་མེད་ཆོས་སྡེ་ཆེ་ཕྲ་ཐུན་མོང་གིས་ཐུགས་སྨོན་སྐྱབས་འཇུག་དང་མཐུན་འབྱོར་ཞལ་འདེབས་གནང་ཡོད་པ་མ་ཟད་མདོ་ཁམས་རྫ་སེར་ཤུལ་དགོན་པ་དང་། གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་། རྔ་པ་ཀིརྟི་དགོན་ཆེན་སོགས་ཀྱིས་གཙོས་པའི་ཆོས་སྡེ་གང་མང་ཞིག་གིས་བདུན་བདུན་བཞི་བཅུ་ཞེ་དགུ་ཡོངས་རྫོགས་འདེད་བཞིན་ཡོད་པ་རེད། འདིར་འཕགས་ཡུལ་རྡ་རམ་ས་ལར་གོང་དུ་བརྗོད་པ་བཞིན། ༸གོང་ས་ཡིད་བཞིན་ནོར་བུ་དབུ་བཞུགས་ཐོག་བདུན་མཚམས་རེ་རེ་བཞིན་ཐུགས་སྨོན་སྐྱབས་འཇུག་གནང་གཞིན་པ་དང་འཇིག་རྟེན་སའི་གོ་ལའི་ཁྱོན་ཆེན་པོ་འདིར་ཆོས་སྒྲ་སྒྲོག་པའི་ཆོས་ཀྱི་འདུན་ས་ཆེན་པོ་ཞིག་ཏུ་གྱུར་པ་ནི་རྐྱེན་ངན་གོད་ཆག་ཁྲོད་ཀྱི་མི་མང་ཚོས་ཆོས་ལ་དད་ཅིང་རྒྱུ་འབྲས་ལ་བརྩི་མཁན་གྱི་མི་རིགས་ཤིག་ཡིན་པ་དང། ཁྱེད་ཅག་འདས་གསོན་ཡོངས་ལ་ལས་ཅན་ཐར་ལམ་བགྲོད་པའི་ཆོས་བསོད་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དང་རླབས་ཆེན་གཉིས་བསགས་པའི་བསོད་ནམས་ཀྱི་རི་བོ་བརྟན་པོ་ཞིག་ལ་ཡོད་པ་སྨྲོས་མ་དགོས་པ་ཞིག་ཏུ་གྱུར་འདུག་ན། བོད་ཕྱི་ནང་ཡུལ་ཤུལ་མི་མང་རྣམས་ཁྱེད་རྣམས་དཔའ་མ་ཞུམ་ཡིད་མ་ཆད་ཁ་སང་གི་གོད་ཆག་དང་སྐྱོ་སྡུག་རྒྱང་དུ་དོར་ཏེ་སང་ཉིན་གྱི་ཁྱིམ་གཞི་བཟུང་ལ་མ་འོངས་པའི་ཡུལ་ཤུལ་གསར་པའི་འཛུགས་སྐྲུན་ལ་ཧུར་གྱིས་བརྩོན་ཤོག་སྤུན་ཟླ་ཚོ།

སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༤ ཉིན་བང་ཆེན་དྲ་བར་སྤེལ།།