རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་བློ་སྤོ་ལགས་གློད་གྲོལ་བཏང་འདུག

རྒྱ་གཞུང་གིས་“ཕྱི་རྒྱལ་ཁ་བྲལ་སྟོབས་ཤུགས་དང་ལག་འབྲེལ་བྱས་པ་” ཟེར་བ་དང་། “ཁ་བྲལ་ལས་འགུལ་བ་ལ་གསང་བ་ཕྱིར་གྱར་”ཟེར་བ་སོགས་ཉེས་འཛུགས་འོག ལོ་བཅུའི་བཙོན་འཇུག་ཁྲིམས་ཐད་བཅད་ཡུལ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྤོ་ལགས་བཙོན་གྲོལ་བཏང་ཡོད་འདུག

ཕྱི་ལོ་༢༠༠༧ ཟླ་༨ པའི་ཚེས་༡ ཉིན་ལི་ཐང་གི་རྟ་རྒྱུག་དུས་ཆེན་སྲུང་བརྩིའི་ལས་རིམ་མགོ་བཙུགས་ཏེ། གུར་ཆེན་འོག་གྲ་སྒྲིག་བྱས་པའི་སྡིངས་ཆའི་ཐོག ལས་རིམ་སྒྲོག་སྦྱང་པས་རྒྱང་བསྒྲགས་ནས་དུས་ཆེན་གྱི་ལས་རིམ་སྒྲོགས་སྦྱང་བྱེད་བཞིན་པའི་སྐབས། རུང་རྒྱས་ཨ་གྲགས་ཀྱིས་སྡིངས་ཆའི་ཐོག་སོང་ནས་རྒྱངས་བསྒྲགས་ཁ་པར་བླངས་ཏེ་“རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་’’ “པཎ་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་བསྟན་འཛིན་ལེགས་ཀྱི་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་” “ང་ཚོ་བོད་ལ་རང་དབང་དགོས” རྒྱལ་བ་རིན་པོ་ཆེ་ནི་ང་ཚོ་བོད་ཀྱི་ནང་སྙིང་ལྟ་བུ་ཡིན། བོད་མི་རྣམས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་ཞེས་སྐད་འབོད་གནང་བ་དང་། ཁོང་རྒྱ་གཞུང་གིས་འཛིན་བཟུང་བྱས། ས་གནས་མང་ཚོགས་སྟོང་ཚོ་མང་པོ་རྫོང་ཉེན་རྟོག་ལས་ཁང་དུ་བཅར་ཏེ་ཁོང་གློད་གྲོལ་གཏོང་དགོས་པའི་ཞུ་འབོད་རིམ་པ་བྱས་པ་དང་། ཡུལ་སྡེ་ཐག་རིང་ནས་ཡིན་པའི་མང་ཚོགས་ཁྱུ་དང་ཁྱུ་ལི་ཐང་རྫོང་གི་མཐར་བསྐོར་དུ་གུར་སྒར་བརྒྱབ་སྟེ་ཉིན་གྲངས་མང་པོའི་རིང་ངོ་རྒོལ་བྱས་ཀྱང་། མཐར་རྒྱ་གཞུང་གིས་མང་ཚོགས་ཀྱི་རེ་སྐུལ་ལ་ཡ་ལན་མེད་པར་དམག་མི་ཁྲི་ཚོ་མང་པོ་བཏང་སྟེ་མི་མང་བཀག་འགོག་དང་། ཁོང་ལ་ལོ་༨ ཀྱི་ཁྲིམས་ཐག་བཅད། ཁོང་གི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་མཛད་དང་དོ་དམ་པ་ཟུར་བ་ཨ་ཀྲུག་བློ་སྦོ་ལ་ལོ་༡༠ དང་། སྒྱུ་རྩལ་པ་འཇམ་དབྱངས་ཀུན་མཁྱེན་ལ་ལོ་༩ ། ཁོང་གི་ཚ་བོ་ཨ་ཀྲུག་སྐལ་བཟང་རྒྱ་མཚོ་ལ་ལོ་༥ ། བློ་ཐོག་ལ་ལོ་༣ ། འཇམ་དབྱང་བསྟན་འཛིན་ལ་ལོ་༣ ། (ཁོང་ལོ་དུས་ཚང་ནས་གློད་གྲོལ་བཏང་ཡང་སླར་ཡང་འཛིན་བཟུང་གི་ལོ་གསུམ་ཁྲིམས་ཐག་བཅད།) བདེ་སྐྱིད་གྲོང་པ་བློ་བཟང་ཕུན་ཚོགས་ལ་ལོ་༡ དང་ཕྱེད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད།

གོང་ཞུས་ཁོང་དང་འབྲེལ་ཡོད་ཚོ་རིམ་པ་བཙོན་འཇུག་ཁྲིམས་ཆད་ཀྱང་། “ཕྱི་རྒྱལ་ཁ་བྲལ་སྟོབས་ཤུགས་དང་ལག་འབྲེལ་བྱས་པ་” ཟེར་བ་དང་། “ཁ་བྲལ་ལས་འགུལ་བ་ལ་གསང་བ་ཕྱིར་གྱར་” ཟེར་བ་སོགས་ཉེས་མེད་ཉེས་འཛུགས་བྱས་ཏེ་ཁྲིམས་ཐག་བཅད་པ་རྣམས། ཁྲིམས་ཆད་ཀྱི་དུས་ཡུན་རྫོགས་ནས་རིམ་པས་གློད་གྲོལ་བཏང་ཟིན་པ་དང་། ཕྱི་ལོ་༢༠༡༥ ལོའི་ཟླ་༧ པའི་ཚེས་༣༠ ཉིན་རུང་རྒྱས་ཨ་གྲགས་ཀྱང་བཙོན་གྲོལ་བཏང་ཡོད་པ་རེད།

འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། འཛིན་བཟུང་བྱུང་བ་རྣམས་ནས་བཙོན་འཇུག་གི་ཁྲིམས་ཆད་མང་ཤོས་ཐོབ་མཁན་རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ལི་ཐང་དགོན་ཆེན་གྱི་དབུ་ཟུར་ཨ་ཀྲུག་བློ་སྤོ་ལགས་ཡིན་པ་དང་། ཕྱི་ལོ་༢༠༡༧ ཟླ་༨ པའི་ཚེས་༢༡ ཀྱི་མཚན་མོའི་ཚོུད་༡༡ ཙམ་ལ་ཁོང་གློད་གྲོལ་བཏང་འདུག ད་ལྟའི་ཆར་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་སོགས་ཀྱི་གནས་ཚུལ་ཇི་བཞིན་ཤེས་ཀྱི་མེད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།