བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བཏང་བ་དེ་སྦས་ཐབས་རེད།
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་ཨ་རིའི་ཨཱི་པཱོ་ཆི་དུས་བབས་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལོ་རྒྱུས་རང་བཞིན་ལྡན་པའི་འཛམ་གླིང་དངོས་མང་འགྲེམས་སྟོན་ལྷན་ཚོགས་ཆེན་མོ། ཟླ་འདིའི་ཚེས་༡ ནས་ཟླ་བ་༡༠ ཚེས་༣༡ བར་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་འཚོག་བཞིན་ཡོད་པ་དང། ལྷན་ཚོགས་ཆེན་མོ་དེའི་ནང་འཛམ་གླིང་གི་རྒྱལ་ཁབ་༡༤༠ ལྷག་ཙམ་ནས་གཞུང་འབྲེལ་ཐོག ཡུལ་སོ་སོའི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་དང། ཡུལ་སྲོལ་གོམས་གཤིས། སྒྱུ་རྩལ་འཁྲབ་སྟོན་སོགས་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་གོ་སྐབས་དེ་དང་བསྟུན་ནས། བོད་མིའི་བདེ་སྐྱིད་ཀྱི་འཚོ་བ་དང་ཞི་བདེ། འཆམ་མཐུན། ཡར་རྒྱས། བོད་ཀྱི་རིག་གཞུང་གཅེས་སྐྱོང་། མཚོ་བོད་ལྕགས་ལམ། ཁང་ཁྱིམ་འཆར་འགོད་ཟེར་བ་སོགས་བོད་ནང་གི་ཡར་རྒྱས་ཀྱི་ངོ་བོ་མཚོན་པའི་འགྲེམས་སྟོན་དང། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་དམིགས་བཀར་རོགས་རམ་བྱེད་ཀྱི་ཡོད་པའི་རྣམ་པ་མཚོན་ཆེད་དུ། གློག་བརྙན་སོགས་ཆེད་སྒྲིག་བྱས་ཏེ་ཁྱབ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམས་སྟོན་ལ་འགྲོ་མཁན། ཁེ་ན་ཌའི་གཞུང་འབྲེལ་མི་སྣ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ལ། ཁེ་ན་ཌའི་བོད་ཀྱི་ཚོགས་པའི་འཐུས་མི་ཌར་མཱོ་ཊར་ཝི་ལགས་ཀྱིས། རྒྱ་ནག་གིས་འགྲེམས་སྟོན་བྱས་པའི་བདེ་སྐྱིད་ལྡན་པའི་བོད་ཟེར་བ་དེ་ནི། བོད་ནང་ཆོས་ལུགས་དད་པར་བཙན་གནོན་བྱས་པ་དང། ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོ་ལངས་ནས་བཟུང། བོད་མི་སྟོང་ཕྲག་མང་པོ་བཙོན་འཇུག་བྱས་པ་སོགས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དེ་སྦས་ཐབས་བྱེད་ཀྱི་ཡོད་པ་དང། རྒྱ་ནག་གཞུང་གིས་ཕྱི་རྒྱལ་དང་རྒྱ་ནག་སོགས་གང་དུའང་བོད་ཀྱི་སྐོར་འགྲེམས་སྟོན་བྱེད་སྐབས། བོད་མི་རྣམས་རྒྱ་ནག་གཞུང་ལ་དགའ་ཞེན་ཆེན་པོ་དང་། འཚོ་བ་བཟང་ཚུལ་སོགས་ཀྱི་འཁྱོག་བཤད་བྱེད་བཞིན་པར་ནམ་ཡང་ཡིད་ཆེས་བྱེད་མི་རུང་ལ། རྒྱ་ནག་གཞུང་གིས་༡༩༤༩ བོད་བཅིངས་འགྲོལ་བཏང་ཡོད་ཟེར་གྱི་ཡོད་ཀྱང་། དོན་དངོས་ཐོག་བོད་རྒྱལ་ཁབ་དེ་རྒྱ་ནག་དམག་དཔུང་གིས་དབང་བསྒྱུར་བྱས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
དེ་བཞིན་ཁེ་ན་ཌའི་བོད་ཀྱི་ཚོགས་པ་དེས་ཁེ་ན་ཌའི་དཔོན་རིགས་ཆེ་གྲས་དང་ཆབ་སྲིད་མི་སྣ་སོགས། ཧྲང་ཧེ་དངོས་མང་འགྲེམས་སྟོན་ཁང་དུ་འགྲོ་འཆར་ཡོད་པ་ཚོར་ཆེད་དུ་ཡི་གེ་ཕུལ་ནས། རྒྱ་ནག་གཞུང་གིས་ཁོ་རང་ཚོའི་དམིགས་ཡུལ་འགྲུབ་ཆེད་དུ། ལོ་སྔོན་མ་ཁེ་ན་ཌའི་ནང་བོད་ཀྱི་གནས་སྟངས་སྐོར་འགྲེམས་སྟོན་བྱས་ནས། ཁེ་ན་ཌའི་དཔོན་རིགས་ཚོ་བེད་སྤྱད་ནས་གནད་དོན་མང་པོའི་ཐད་ལ་ཁྱབ་བསྒྲགས་བྱེད་མྱོང་བ་ལྟར། ད་ལྟའི་སྐབས་ལའང་དེ་བཞིན་བྱེད་སྲིད་པ་སོགས་ཀྱི་སྐོར་ཉེན་བརྡ་བཏང་ཡོད་པ་རེད།།