བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་རྩེད་འགྲན་ཆེན་མོ་ཞིག་ནང་ཚུད་འདུག
བཙན་བྱོལ་བོད་མིའི་བོད་རྒྱལ་ཡོངས་རྩེད་རིགས་ལྷན་ཚོགས་ཀྱི་འོག་ལ་ཡོད་པའི་བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་ངོས་འཛིན་མེད་པའི་རུ་ཁག་བར་གྱི་རྐང་སྤོལ་རྩེད་འགྲན་ཆེན་མོ་ཞིག་ནང་ཚུད་ཡོད་པ་རེད་འདུག
དེ་ཡང་ལོ་རྗེས་མའི་ཟླ་༥ པའི་ཚེས་༣༡ ནས་ཟླ་༦ པའི་ཚེས་༩ བར་ཡུ་རོབ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོག་རྒྱུ་ཡིན་པའི་འཛམ་གླིང་རྐང་སྤོལ་རྩེད་འགྲན་དུ། བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་རྩེད་འགྲན་དུ་ཚུད་ཆེད་དུ་འགྲན་བསྡུར་བྱེད་མི་དགོས་པར་ཐད་ཀར་ཚུད་ཡོད་པ་རེད་འདུག རྩེད་འགྲན་དེ་གོ་སྒྲིག་བྱེད་མཁན་ནི་རང་དབང་ཅན་གྱི་རྐང་སྤོལ་སྤྱི་མཐུན་ཚོགས་པ་Confederation of Independent Football Associations (CONIFA) ཞེས་པ་ཡིན་འདུག་པ་དང་། དེ་ནི་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་(FIFA)ཀྱི་ངོས་འཛིན་མེད་པའི་རྐང་སྤོལ་ལྷན་ཚོགས་ཁག་གི་འཛིན་སྐྱོང་ཚོགས་པ་ཞིག་རེད་འདུག
ལོ་རྗེས་མའི་རྐང་སྤོལ་འགྲན་བསྡུར་དེའི་ནང་ཡུ་རོབ་དང་ཨེ་ཤི་ཡ། ཨ་ཧྥེ་རི་ཀ། ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁུལ་གྱི་རྒྱལ་ཁབ་སོགས་ནས་རུ་ཁག་མི་འདྲ་བ་ཉུང་མཐར་༡༦ མཉམ་ཞུགས་བྱེད་ཀྱི་ཡོད་འདུག་པ་དང་། ད་བར་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་རྩེད་འགྲན་ཕུད་པའི། རྐང་སྤོལ་གྱི་རྩེད་འགྲན་རྒྱ་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པ་རེད་འདུག
ཕྱི་ལོ་༢༠༡༧ ལོར་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་བསྡུར་དེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཀོ་ལི་གྷལ་དོན་ལྡན་གླིང་དུ་འཚོགས་རྗེས། རྩེད་མོ་བ་མང་པོ་ཞིག་ སྔོན་འགྲོའི་འདེམས་སྒྲུག་བྱས་ཏེ། ཟླ་༧ པའི་ནང་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་སྒར་པོན་ཊ་ཆོལ་གསུམ་དུ་སྦྱོང་བརྡར་དང་སྦྲགས་རྩེད་མོ་བ་༢༥ ཁོངས་ནས་༡༨ དངོས་གཞིར་འདེམས་སྒྲུག་བྱས་ཡོད་པ་རེད། ་དེའི་ཁོངས་སུ་ཕལ་ཆེ་བ་གཞོན་སྐྱེས་ཤ་སྟག་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།