གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་པའི་རྔམ་སྟོན་ཁྲོམ་སྐོར།

ཟླ་འདིའི་ཚེས་ ༡༣ ཉིན་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག རྒྱལ་ས་ལྡི་ལིར་༼གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ ཞེས་འབོད་ཚིག་ཐོག་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཀྱང་སྤེལ་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༡༠ ནས་ཉིན་གསུམ་རིང་རྒྱ་གར་རྒྱལ་ས་ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་རྟེན་གཞི་བྱས་པའི་ཆུ་སྒང་དཔའ་བོའི་རྗེས་དྲན་ཚོགས་ཁང་དུ་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ལྔ་པ་འཚོགས་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད། དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་མ་ཁག་ཅིག་བཅས་ཁྱོན་མི་གྲངས་༡༠༠  ལྷག་མཉམ་འཛོམས་བྱུང་འདུག
ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཁག་ ༡༥ ཙམ་གྱི་ཚོགས་མི་༦༠ ལྷག་ནས་མཉམ་ཞུགས་གནང་འདུག་པ་དང། ཚོགས་འདུའི་ཐོག་གྲོས་གཞི་གྲོས་ཆོད་དོན་ཚན་ཁག་༡༠  ཐོག་བགྲོ་གླེང་གནང་རྗེས་སྤྱི་མོས་དང་མང་མོས་ཀྱི་ཐོག་ནས་གྲོས་ཆོད་ཁག་༩ དང་དམིགས་བསལ་གྲོས་ཆོད་༡ བཅས་ཐག་ཆོད་གཏན་འབེབས་གནང་ཡོད་པ་རེད།

དེ་བཞིན་ཕྱི་ཚེས་ ༡༣ ཉིན་རྒྱལ་ས་ལྡི་ལིར་༼གཞིས་བྱེས་བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ ཞེས་འབོད་ཚིག་ཐོག་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཀྱང་སྤེལ་ཡོད་པ་རེད། སྐབས་དེར་ལས་འགུལ་ནང་བཀའ་ཟུར་རྒྱ་རི་སྒྲོལ་མ་དང་རྒྱ་གར་དཔོན་རིགས་ཁག་གཅིག་ཆེད་ཕེབས་ཐོག་བོད་མི་མི་གྲངས་༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང་དངོས་སུ་བོད་དོན་ཁྱབ་བསྒྲགས་གཏོང་སྐབས་རྒྱ་གར་མི་མང་༢༠༠༠༠༠ ཉིས་འབུམ་ལྷག་ལ་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་བྱ་རྒྱུའི་གོ་སྐབས་རག་ཡོད་པ་རེད།  ལས་འགུལ་ཐོག་དབྱིན་བོད་གཉིས་ཐོག་ནས་བསྒྲགས་གཏམ་དོན་ཚན་གསུམ་ཅན་ཞིག་ཀྱང་སྤེལ་ཐུབ་ཡོད་པའི་ནང་འཁོད་དོན།
༡༽ བོད་ནི་རྒྱལ་རབས་དང་ལོ་རྒྱུས་ལྡན་པའི་རང་དབང་དང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་ཡུལ་སྲོལ་གོམས་གཤིས་བཅས་ཡོངས་རྫོགས་རྒྱ་ནག་དམར་པོའི་སྲིད་གཞུང་དང་ཤིན་ཏུ་ཐ་དད་ཡིན་པར་བརྟེན། དུས་ནམ་ཡང་མཉམ་གནས་ཐུབ་ཐབས་མེད།

༢༽ ཕྱི་ལོ་༡༩༤༩ ནས་ད་བར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདག་དབང་ཆེད་དུ་བོད་མི་ཁྲི་སྟོང་མང་པོས་ཚེ་སྲོག་བློས་བཏང་ཡོད་པ་དང་། ལྷག་པར་ཕྱི་ལོ་༢༠༠༩ ནས་བཟུང་བོད་ནང་བོད་མི་༡༥༠ ཙམ་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་ལས་འགུལ་མུ་མཐུད་ནས་སྤེལ་བཞིན་ཡོད་པར་བརྟེན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་རང་དབང་དང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་མི་མང་ཡོངས་ཀྱིས་ངེས་པར་དུ་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་དགོས།

༣༽ རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་ད་བར་གཞིས་ལུས་བོད་མི་ཡོངས་ལ་ཆེས་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་ས་གཉིས་ཀྱི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད།

གཞི་རྩའི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་སྲིད་དོན་ཚོགས་པའི་ངོ་བོའི་ཐོག་ནས་བཙུགས་པའི་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པ་དང་། ཚོགས་པ་དེ་ཐོག་མར་ཕྱི་ལོ་༡༩༩༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཁུར་འོག་གསར་འཛུགས་ཞུས་པ་ཞིག་ཡིན་པ་དང་།     ད་ལྟའི་ཆར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པར་རྒྱ་གར་གཙོས་པའི་རྒྱལ་སྤྱིའི་ནང་ས་གནས་ཀྱི་ཡན་ལག་ཁག་ ༣༦ དང་ཚོགས་མི་གྲངས་ ༥༠༠༠ ལྷག་ཙམ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་འདུག

གསར་འགོད་པ་ཐུབ་བསྟན་བཀྲ་ཤིས་ནས་རྒྱ་གར་རྒྱལ་ས་ལྡི་ལི་ནས།