སྐྱེ་རྒུའི་སྤུན་ཟླར་ཕུལ་བའི་སེམས་འཕྲིན།
ཉིན་མོ་(༣་༡༤)དེའི་ཉིན་གུང་གསར་འགྱུར་བརྒྱུད་ལམ་ནས་ཐོས་མི་འདོད་པའི་གནས་ཚུལ་དེ་གོ་བ་ནས། ངས་མི་ཡུལ་འདི་ནས་མིག་ཟུང་གེམ་གེམ་གྱིས་བརྙན་འཕྲིན་དང་གསར་ཤོག་ལ་བལྟས། རླུང་འཕྲིན་ལ་ཉན་ནས་ཆག་སྒོ་དེའི་དཀའ་སྡུག་ཡོངས་རྫོགས་ངའི་ཉིན་རེའི་འཚོ་བ་དང་ཁ་མ་བྲལ་བར་དང་དུ་བླང་པ་ཡིན། ཡིན་ན་ཡང༌། རྒྱལ་ཕྱི་ནང་གི་གསར་འགྱུར་གང་ལ་བལྟས་ཀྱང་ངས་ད་དུང་དོན་དངོས་ཀྱི་གནས་ཚུལ་ཆ་ཚང་གོ་ཐུབ་ཀྱི་མེད་པའི་གནས་ལུགས་ཤིག་ཀྱང་དྲན་ནས། ང་བློ་བདེ་བོ་གཏན་ནས་མ་བྱུང༌།
ཚེ་༡༦ཉིན་གནོད་ཐེབས་ས་ཁུལ་དུ་ནང་མི་དང་གཉེན་ཉེ་རྐྱེན་ལམ་དུ་གྱུར་བའི་ཕྱི་སྡོད་སྤུན་ཟླ་ཁག་ཅིག་བཙལ་ནས་ཁོང་ཚོར་སྐད་ཆ་དྲིས་པ་དང༌། གནོད་ཕོགས་ས་ཁུལ་དུ་ཐད་གར་ཁ་པར་བརྒྱུད་རྒྱུས་ལོན་བྱས་པའི་སྤུན་ཟླ་ཁག་གིམདུན་ནས་དོན་དངོས་ཀྱི་གནས་ཚུལ་དང༌། ཕྱི་ནང་གི་གནས་ཚུལ་ཚང་མ་ཤེས་སོང་བས་ང་སྙིང་ན་བ་དང་བློ་མི་བདེ་བ། སེམས་སྐྱོ་བའི་གདུང་བ་ཚད་མེད་བྱུང་ལ། མི་ལ་ལར་ཞེ་འཁོན་ཡང་སྐྱེས་དགོས་བྱུང༌། འོན་ཀྱང༌། ཕྱོགས་གཞན་ཞིག་ནས་རང་རིགས་སྤུན་ཟླ་རྣམས་ཀྱི་ལྷག་བསམ་དང་གཏོང་ཕོད། བརྩེ་ཞེན་བཅས་ཀྱིས་ང་ལ་སེམས་སྟོབས་ཤིང་ཀྱང་བསྐྲུན་བྱུང༌།
ང་དང་ང་ཚོ་སྟེ། ཕྱི་ཡུལ་གྱི་སྤུན་ཟླ་མང་པོ་ཞིག་གིས་སྤྱི་ཚེས་༡༤ ཉིན་ནས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུས་པ་ཡིན་ལ་སྔོ་སྨོན་རྒྱུན་ཆད་མེད་པར་བྱས་དང་བྱེད་བཞིན་པ་ཡིན། ལྷག་པར་དུ་རྐྱེན་འདས་སུ་གྱུར་པའི་སྤུན་ཟླ་ཚོའི་སྐུ་ཕུང་བཞུགས་འབུལ་སྐབས་(ཚེས་༡༧)དང་ཁ་སང་གི་ཉིན་མོ་(ཚེས་༢༠)བཅས་ལ་དམིགས་བསལ་གྱི་སྔོ་སྨོན་སྐྱབས་འཇུག་ཞུས་ཡོད། ང་ཚོས་རང་ཉིད་ཀྱི་ཁ་རྗེ་ལ་དཔག་པའི་འབྱོར་བ་གང་ཡོང་རེ་བསྡུས་ནས་གནོད་ཐེབས་ས་ཁུལ་གྱི་སྤུན་ཁྱེད་ཚོར་སེམས་པ་མཚོན་བྱེད་དུ་བརྒྱུད་སྣ་ཚོགས་བརྒྱུད་གཏོང་རྩིས་ཡང་ཡོད་མོད། ང་ཚོར་འདི་ཙམ་ལས་གཞན་རྒྱ་ཆེན་པོ་གང་ཡང་བྱེད་ཐབས་མེད་སོང་བས་ཁྱེད་རྣམས་པར་དགོངས་དག་ཞུ།
ངས་འདི་ནས་བོད་བཞུགས་དགེ་འདུན་པ་རྣམས་དང་བོད་ཆོལ་ཁ་གསུམ་གྱི་རྒྱ་ཆེའི་བོད་རིགས་སྤུན་རྣམས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། རྣམས་པ་ཚོས་ཧ་ཅང་སྐུ་ངལ་བསྐྱོན་ནས། ཚད་མེད་པའི་འགན་ཁུར་བླང་ནས། ཡོད་ཚད་བློས་གཏོང་གིས་གནད་འགག་ལ་ཐུགས་དུས་རྡོག་རྩ་གཅིག་ཏུ་བསྒྲིལ། དམ་ཚིག་ལ་རྒྱས་བསྡམ། མཉམ་ཤི་མཉམ་གསོན་དང་མཉམ་སྐྱིད་མཉམ་སྡུག་གི་འཚོ་བ་མཉམ་སྐྱེལ་གྱིས་བླ་ན་མེད་པའི་བྱེས་རྗེས་བཞག་འདུག ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། ཐུགས་རྗེ་བླ་མེད་དུ་ཆེ།
ཤི་གསོན་བོད་རིགས་སྤུན་ཡོངས་ལ་ངས་སྐད་ཆ་འདི་འདྲ་ཞིག་བཤད་འདོད་བྱུང༌། སྤུན་ཟླ་ཚོ། སྐྱིད་སྡུག་ལས་དབང་གཅིག་པའི་གཞིས་ལུས་སྤུན་ཟླ་ཚོ། ངའི་ལུས་པོ་ཁྱེད་རྣམས་དང་མཉམ་དུ་མེད་ཀྱང་ངའི་སེམས་པ་ཁྱེད་ཅག་དང་ཉིན་མཚན་བར་མེད་དུ་ཡོད། ང་ང་ཚོའི་ཆེད་དུ་མི་ཡུལ་ན་ཡོད་ཀྱང༌། ངས་ཁྱེད་ཚོའི་ཆེད་དུ་བོད་ཡུལ་ལ་བལྟས་ཡོད། ཤུལ་ལུས་སྤུན་ཟླ་རྣམ་པ་ཐུགས་མ་སྐྱོ། བློ་མ་ཕམ། ང་ཚོ་ཚང་མ་གཅིག་རེད། མྱུར་ཏུ་མཇལ་བའི་སྨོན་ལམ་འདེབས།
ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས། བོད་ཕྱི་ལོག་ནས། སྤྱི་ལོ་༢༠༡༠ ཟླ་ ༤ པའི་ཚེས་༢༡ ཉིན།
