དགུ་བཅུ་གསུམ་གྱིས་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུག་བྱས་འདུག
ཟླ་འདིའི་ཚེས་༡ ཉིན་དྷ་སར་དགུ་བཅུ་གསུམ་ཚོགས་པས་འགུལ་སྤེལ་སྐབས་རྒྱ་མོ་ཀྲུའུ་ཝེ་ཆེན་གྱིས་ལས་འགུལ་ལ་གཏོར་སྐྱོན་བཏང་བར་བརྟེན། ཚོགས་པའི་ངོས་ནས་རྒྱ་གར་ཉེན་རྟོག་ལས་ཁུངས་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལ་སྙན་སེང་ཞུས་ཡོད་པ་རེད། ཟླ་འདིའི་ཚེས་༣ ཉིན་༧གོང་ས་མཆོག་གིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུང་ཆོས་གནང་སར་རྒྱ་མོ་དེ་བཅར་ཡོད་ནའང་། གཙུག་ལག་ཁང་དུ་བཏང་མེད་པའི་གནས་ཚུལ་འདུག
ཟླ་འདིའི་ཚེས་༣ ཉིན་བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ངོས་ནས་གསར་འགོད་གསལ་བསྒྲགས་འདི་སྤེལ་ཡོད་པ་རེད། སྤྱི་ལོ་༢༠༡༧ ཟླ་༩ ཚེས་༢༧ ཉིན་དང་ཟླ་༡༠ ཚེས་༡ ཉིན་ནི་སྤྱི་ལོ་ ༡༩༨༧ ཟླ་༩ ཚེས་༢༧ དང་ཟླ་༡༠ ཚེས་༡ ཉིན་བོད་ཀྱི་མི་རབས་གསར་པས་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་ནས་མི་ལོ་ཧྲིལ་པོ་སུམ་ཅུ་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་གལ་ཆེའི་དུས་དྲན་ཞིག་ཡིན་པ་དང་། དུས་དྲན་དེ་གཉིས་ལ་སྲུང་རྩི་བྱ་རྒྱུའི་ཐད་འདི་ག་ཚོགས་པར་གཞན་ལ་དཀྲི་ཐབས་བྲལ་བའི་དམིགས་བསལ་གྱི་འཁྲི་དང་འོས་འགན་ཡོད་པར་བརྟེན། ཟླ་༡༠ ཚེས་༡ ཉིན་བཞུགས་སྒར་དཔའ་བོའི་དྲན་གསོའི་རྡོ་རིང་གི་མདུན་ཐང་དུ་སྐབས་དེའི་ལས་འགུལ་དེ་གཉིས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད། ཡིན་ནའང་སྐབས་དེ་འདྲ་ཞིག་ལ་རྒྱ་མོ་ཞིག་གིས་ཐག་པའི་སྟེང་སྒར་ཡོད་པའི་པར་རིས་མར་འཐེན་ནས་མི་འདོད་པའི་རྣམས་འགྱུར་བསྟན་པ་དང་། སྐབས་དེར་འདི་ག་ཚོགས་པའི་ཚོགས་གཙོ་མཆོག་ནས་གོ་སྐོན་སློབ་གསོ་བརྒྱབ་ཀྱང་དེ་ལས་ལྡོག་ཏེ་རྩུབ་སྤྱོད་ཀྱི་རྣམ་འགྱུར་དེ་བས་ཤུགས་ཆེན་བསྟན་པ་མ་ཟད། གསར་འགོད་པའི་ངོ་གདོང་ལ་གཞུས་པ་དང་པར་ཆས་ས་ལ་གཡུགས་པ། ཚོགས་པའི་དྲུང་ཆེའི་ལག་པར་སོ་བརྒྱབ་པ། ཁུག་མའི་ནང་ནས་ཇེམ་རྩེ་བཏོན་ནས་པར་རིས་བཀལ་བའི་ཐག་པ་བཅད་ནས་པར་རིས་ཚང་མ་ས་ལྷུངས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད།
རྒྱ་ནག་གུང་ཁྲན་ཏང་གིས་བོད་དུ་བཙན་འཛུལ་དང་བོད་མི་རིགས་རྩ་མེད་བཟོ་ཆེད་འཆར་གཞི་ལྡན་པའི་ཐོག་ནས་སྲིད་ཇུས་རབ་དང་རིམ་པ་ཞིག་ལག་ལེན་བྱེད་བཞིན་ཡོད་པ་དེར། བོད་མི་ཚོས་ཐ་ན་རང་ལུས་མེར་བསྲེགས་ཀྱི་ཐོག་ནས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་བཞིན་པའི་ཛ་དྲག་ཆེ་བའི་དུས་ཚོད་འདི་འདྲའི་སྐབས། རྒྱ་མོ་ཞིག་གིས་བཙན་བྱོལ་བོད་མིའི་ལྟེ་གནས་རྡ་རམ་ས་ལར་ཡོང་ནས་བོད་དོན་འཐབ་རྩོད་དང་འབྲེལ་བ་ཡོད་པའི་ལས་འགུལ་གྱི་ཐོག་རང་སྣང་གང་དྲན་གྱི་སྒོ་ནས་གཏོར་བཤིགས་དང་རྩུབ་སྤྱོད་ཀྱི་རྣམ་འགྱུར་འདི་ལྟ་བུ་བསྟན་པ་ནི་བོད་མི་ཞིག་གི་ངོས་ནས་བཤད་ན་སེམས་ཀྱིས་བཟོད་ཐབས་མེད་པའི་གནས་ཚུལ་ཞིག་རེད། ཡིན་ནའང། འབྲེལ་ཡོད་ལས་དོན་མི་སྣས་གནས་ཚུལ་ཚབས་ཆེར་མི་འགྲོ་བའི་ཆེད་ཁོ་མོའི་རྩུབ་སྤྱོད་ཀྱི་བྱེད་སྟངས་བཀག་འགོག་བྱ་རྒྱུ་ཙམ་ལས་ཁོ་མོའི་ལུས་ཐོག་ལ་སྐྱོན་ཆ་གང་ཡང་བཏང་མེད་ལ། དེ་རྗེས་བདེ་སྲུང་ལས་ཁུངས་དང་རྒྱ་གར་གྱི་འབྲེལ་ཡོད་ཉེན་རྟོག་དང་གསང་བའི་ལས་ཁུངས་སོགས་ལ་ཡིག་ངག་གཉིས་ཀྱི་ཐོག་ནས་དུས་ཐོག་ཏུ་སྙན་གསེང་ཞུས་ཡོད།
འཚམས་འདི་ནས་བོད་མི་སེར་སྐྱ་ཕོ་མོ་ཡོངས་ལ་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱར་སྲུང་སྐྱོབ་བྱ་རྒྱུ་དེ་བོད་དོན་འཐབ་རྩོད་ཀྱི་རྒྱལ་ཕམ་དང་། བོད་མིའི་ཕྲལ་ཡུན་གྱི་བདེ་སྐྱིད་ལ་ཐུགས་པའི་དོན་ཆེན་ནང་གི་དོན་ཆེན་དང་རྩ་བའི་ནང་གི་རྩ་བ་ཡིན་པར་བརྟེན། ཚང་མས་དུས་རྟག་ཏུ་དོ་སྣང་ཆེར་བསྐྱེད་དགོས་པ་མ་ཟད། འདི་འདྲ་བའི་གནས་ཚུལ་ཆེ་ཆུང་གང་ཞིག་མཐོང་ཐོས་བྱུང་ཡང་ངེས་པར་དུ་འབྲེལ་ཡོད་ཚན་པར་དུས་ཐོག་ཏུ་སྙན་གསེང་ཞུ་དགོས་པ་མ་ཟད། ལྷག་པར་དུ་མགོན་པོ་གང་གི་སྐུ་འཕྱྭ་དང་ཐད་ཀའི་འབྲེལ་བ་ཡོད་པའི་དགའ་ལྡན་ཕོ་བྲང་དང་བདེ་སྲུང་ལས་ཁུངས་སོགས་ཀྱི་ངོས་ནས་སྔར་བས་འབད་བརྩོན་དང་ཡིད་ཟབ་གནང་གལ་དགོས་སྐོར་གྱི་འབོད་སྐུལ་དང་བཅས་ཞེས་སྤེལ་འདུག་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།
གནས་ཚུལ་སྔོན་སོང་།
