མི་ལོ་བཅོ་ལྔའི་ཁྲིམས་ཆད།
ས་ཁུལ་འབྲི་རུ་རྫོང་ཤག་ཆུ་ཁའི་འབྲོག་སར་སྒེར་པའི་སློབ་གྲྭ་ཞིག་ལ་དགེ་རྒན་བྱས་ཏེ། ཉིན་གསུམ་པའི་མཚན་མོ་ཆབ་སྲིད་ཀྱི་ལས་དོན་སྤེལ་བའི་དོགས་གཞིའི་འོག་གློ་བུར་རྒྱ་གཞུང་གི་འབྲེལ་ཡོད་གསང་བའི་ཚན་པས་འཛིན་བཟུང་བྱས་པ་དང། རས་ནག་པོ་ཞིག་མགོ་ལ་གཡོག་སྟེ་ནག་ཆུ་ས་ཁུལ་དུ་ཡོད་པའི་ཁྱིམ་ལ་ཁྲིད་ཡོད་པ་དང༌། གསང་བའི་མི་སྣ་དེ་དག་གིས་ཁྱིམ་དུ་གང་སར་སྔོག་བཤེར་བྱས་རྗེས་ལྷ་ས་གྲོང་ཁྱེར་གསང་ཡིབ་ཁུལ་དུ་ཡོད་པའི་གསང་བའི་ལྟ་སྲུང་ཁང་དུ་འཁྲིད་དེ་བཀག་ཉར་འདྲི་བརྩད་བྱས་ཡོད་པ་རེད། དེ་ལྟར་དུས་ཡུན་ལོ་གཉིས་མ་ཟིན་ཙམ་གསང་བའི་ལྟ་སྲུང་ཁང་དུ་བཀག་ཉར་འདྲི་བརྩད་བྱས་རྗེས་ཁྲིམས་ལུགས་ཀྱི་འགྲོ་ལུགས་གང་ཡང་མེད་པར་གསང་བའི་ལྟ་སྲུང་ཁང་དེའི་ནང་ཕྱི་ལོ་༢༠༡༠ ཟླ་༡ ཚེས་ཤར་ལ་དུས་ཡུན་ལོ་ངོ་༡༥ དུས་བཀག་བཙོན་འཇུག་གི་ཐག་གཅོད་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད། ཁྲིམས་ཐག་བཅད་རྗེས་བཙོན་ཁང་གང་དུ་བསྐྱལ་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟའི་ཆར་ཁ་གསལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད། ལྷ་མོ་སྐྱབས་ལགས་ནི། ནག་ཆུ་ས་གནས་སྙན་པ་ཚང་གི་ཁྱིམ་དུ་སྐྱེས་པ་དང༌། ཕ་མིང་ལ་དོན་གྲུབ་ཟེར་གྱི་ཡོད་པ་རེད།།