སློབ་ཕྲུག་ཚོས་མ་ཎི་འདོན་མི་ཆོག་ཟེར།
འདི་ལོའི་ཕྱི་ཟླ་༣ ཚེས་༡༤ ཉིན་སློབ་མའི་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐབས་གཙོ་བོ་སྣེ་ཁྲིད་མཁན་སློབ་མ་ཚེ་རིང་དོན་འགྲུབ་དང་(རྨ་ཆུ་རྫོང་དངུལ་རྭ་རུ་གསར་སྡེ་བ་ནས་ཡིན་པ་དང། ཕ་མིང་དབང་ཕྱུག) སློབ་མ་ཐུབ་བསྟན་ཉི་མ་(མུ་ར་སྔགས་སྐོར་སྡེ་བ་ནས་ཡིན་པ་དང། ཕ་མིང་རྟམ་བྷོ།)གཉིས་སློབ་གྲྭ་ནས་ཕྱིར་འབུད་མ་བཏང་སྔོན་ཕྱི་ཟླ་༣ ཚེས་༢༦ ནས་༣༡ བར་གནམ་བཏགས་བརྒྱབ་སྟེ་གཉིད་བཀག་ཐོག་ཟ་མ་དང་ཆུ་སོགས་འཐུང་མ་བཅུག་པར་ཉེས་རྡུང་བཏང་ཡོད་འདུག་ལ། དེ་མཚུངས་ཉེན་རྟོག་མི་སྣས་ཁྲིམས་མེད་ལུགས་མེད་ཐོག་གློག་རྒྱུགས་བཙུགས་ཏེ་དྲན་པ་འཐོར་བཅུག་པ་དང། དེ་བཞིན་ཞི་རྒོལ་བྱེད་མཁན་གཞན་ཁག་ལའང་ཚ་འདྲི་དང་ཉེས་རྡུང་ཚད་མེད་བཏང་ཡོད་འདུག
ད་ལོའི་ཕྱི་ཟླ་༣ ཚེས་༡༤ ཉིན་གྱི་ཞི་བའི་ངོ་རྒོལ་བྱེད་མཁན་གྱི་སློབ་ཕྲུག་མང་ཆེ་བ་རྨ་ཆུ་རྫོང་ཕ་སྐད་ཚོགས་པའི་༼བོད་སྐད་ཡིག་འཇིགས་ཉེན་སླར་གསོ་ཚོགས་པ་༽ཚོགས་མི་ཡིན་སྟབས། རྒྱ་གཞུང་གིས་ཕ་སྐད་ཚོགས་པར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་པ་འགྲེལ་བརྗོད་ཀྱིས་ཕ་སྐད་ཚོགས་པའི་ཚོགས་གཙོ་ཚེ་རིང་དོན་འགྲུབ་དང། ཚོགས་གཞོན་ཐུབ་བསྟན་ཉི་མ་གཉིས་ལ་འབྲེལ་མེད་ཀྱི་ནག་ཉེས་གཞན་ཞིག་བཙན་འགེལ་བྱེད་ཀྱི་ཡོད་འདུག
ད་ལྟའི་ཆར་ཁོང་གཉིས་རྨ་ཆུ་རྫོང་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་ཀྱང་ཕ་མ་དང་ཉེ་འབྲེལ་སོགས་ལ་བདུན་རེའི་ནང་ཟ་མ་ཐེངས་རེར་སྐྱེལ་འཇུག་པ་ལས་ཐུག་འཕྲད་སོགས་བྱེད་བཅུག་ཡོད་མི་འདུག
རྒྱ་གཞུང་གི་འབྲེལ་ཡོད་ཚན་པའི་བཀག་འགོག་དང་དགེ་རྒན་ཚོས་སློབ་གསོ་བཅས་ལ་བརྟེན་ནས་སློབ་ཕྲུག་ཚོས་ཟས་བཅད་ངོ་རྒྱལ་བྱེད་བཞིན་པ་གནས་སྐབས་མཚམས་འཇོག་བྱས་ཡོད་ཀྱང༌། ཁོང་ཚོས་བཏོན་པའི་དགོས་འདུན་ཁག་ལ་རྒྱ་གཞུང་གིས་ངོས་ལེན་བྱས་མེད་ཁར། སློབ་གྲྭའི་ནང་མུ་མཐུད་གོང་རིམ་ནས་བཀོད་མངགས་བྱས་པའི་སློབ་གསོ་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་ཚན་ཆུང་ཟེར་བས་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་གསོ་བྱེད་མུས་ཡིན་འདུག
རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དགེ་རྒན་ཉེར་གཅིག་ལ་རང་ཉིད་ཀྱི་འཛིན་གྲྭའི་སློབ་ཕྲུག་ལ་སློབ་གསོ་དང་དོ་དམ་འཐུས་ཤོར་གྱི་ཉེས་འཛུགས་འོག་དངུལ་རྭའི་དཔལ་བྷོ་ཚང་གི་བློ་བཟང་རབ་རྒྱས་དང། ཕ་ཡུལ་མཚོ་སྔོན་ནས་ཡིན་པའི་པདྨ་རྡོ་རྗེ་གཉིས་ལ་ལོ་ལྔའི་རིང་གླ་འབབ་གཅོག་འཐེན་གྱི་ཉེས་ཆད་དང༌། དེ་བཞིན་དགེ་རྒན་ཁག་གཅིག་ལ་ལོ་གསུམ་རིང་གླ་འབབ་གཅོག་འཐེན་གྱི་ཉེས་ཆད། ཡང་དགེ་རྒན་ཁག་ཅིག་ལ་དུས་ཚོད་ངེས་མེད་ཀྱི་གླ་འབབ་གཅོག་འཐེན་༼དགེ་རྒན་འདི་རིགས་ལ་མཚམས་རེར་ཟླ་གླ་སྒོར་༧༠༠རེ་སྤྲོད་ཀྱི་ཡོད་འདུག༽བཅས་ཀྱི་ཉེས་ཆད་བཙན་འགེལ་བྱས་ཡོད་འདུག
ཉེ་ཆར་གོ་གནས་ཕབ་པའི་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དེང་རྫོང་སློབ་གསོ་ལས་ཁུངས་སུ་ལས་བྱེད་དཀྱུས་མའི་ངོ་བོའི་ཐོག་ལས་བསྒྱུར་བཏང་ཞིང༌། སློབ་གཙོ་གཞོན་པ་རྡོ་རེད་རྨ་ཆུ་རྫོང་ཆུ་གློག་ཀུང་སུའི་ནང་ལས་བྱེད་དཀྱུས་མའི་ངོ་བོའི་ཐོག་ལས་བསྒྱུར་བཏང་ཡོད་འདུག རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་འགན་འཛིན་ནམ་སློབ་གཙོ་གཞོན་པ་ཆོས་སྐྱོང་ཚེ་བརྟན་མུ་མཐུད་བཙོན་འཇུག་བྱེད་མུས། དེ་བཞིན་རྨ་ཆུ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་བསོད་ཚེ་ཀན་ལྷོ་ཁུལ་ཐོག་ཏུ་ལས་བསྒྱུར་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་མཁོ་སྤྲོད་པ་རྨ་ཆུའི་སྒྲོལ་དཀར་སྐྱབས། ཕྱི་ལོ་༢༠༡༠ ཟླ༥ ཚེས་༢༡ ལ།
{jcomments on}