ཐེ་ཝན་གྱི་རང་བཙན་ལ་བར་ཆད་གཏོང་སྲིད་པའི་སེམས་ཚབས།

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་ཨཱི་པཱོ་ཆིའི་དུས་བབས་དྲ་གནས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གཞུང་དང་རྒྱ་ནག་གཞུང་གཉིས་དབར། ཉེ་དུས་དཔལ་འབྱོར་མཉམ་ལས་རང་དབང་གི་ཚོང་འབྲེལ་གྲོས་གཞི་ཞེས་པའི་ཚོང་དོན་ཡིག་ཆ་ཞིག་བཞག་ཡོད་པ་དེ་ནི། རྒྱ་ནག་གཞུང་ལ་ཁེ་ཕན་ཡོད་པ་ལས་ཐེ་ཝན་མི་མང་ལ་གྱོང་གུད་དང་ལས་མེད་མང་དུ་འགྲོ་རྒྱུ་ཡིན་པའི་སེམས་ཚབས་ཀྱིས། ཐེ་ཝན་གྲོས་ཚོགས་ཁང་གི་སྒོ་འགྲམ་དུ་མི་མང་ཕོན་ཆེན་འཛོམས་ནས། རྒྱ་ནག་དང་ལྷན་དུ་བཞག་པའི་ཚོང་དོན་གྲོས་གཞི་དེ་ཕྱིར་འཐེན་བྱེད་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

ཨཱི་པཱོ་ཆིའི་དུས་བབས་ཀྱི་གསར་འགོད་པར་ངོ་རྒོལ་བ་སཱན་ཝན་ཆུས་ཞེས་པས། “ད་ལྟའི་ཚོང་དོན་གྱི་གྲོས་གཞི་འདི་ལག་བསྟར་བྱས་ན། རྒྱ་ནག་གི་མ་རྩ་རིང་ལུགས་པ་ཚོར་ཁེ་བཟང་ཆེན་པོ་ཐོབ་རྒྱུ་ཡིན་པ་དང།  ས་ལ་རིན་གོང་ཆེན་པོ་སྤྲད་ནས་བཟོ་གྲྭ་འཛུགས་སྐྲུན་བྱེད་པ་དང། བཟོ་པ་ཚོར་གླ་ཆ་ཉུང་ཉུང་སྤྲོད་རྒྱུའི་ཐབས་ལམ་དེའི་འོག་ནས། ཐེ་ཝན་དང་རྒྱ་ནག་གཉིས་ཀྱི་བཟོ་པ་ཚོའི་གླ་ཆ་ལ་ཧེ་བག་ཆེན་པོ་འགྲོ་ཡི་ཡོད་པས། གལ་སྲིད་ཚོང་དོན་འདི་ལག་བསྟར་བྱས་ན་ཐེ་ཝན་གྱི་ཁྲོམ་ར་ཉམས་ཆག་འགྲོ་གཏན་འཁེལ་བ་རེད་”ཅེས་བརྗོད་འདུག

ཡང་ངོ་རྒོལ་བ་ལི་ཧྲང་ཡང་ཟེར་བས། “དེང་སང་ཐེ་ཝན་ནང་ལས་མེད་མང་པོ་ཆགས་བཞིན་ཡོད་པ་དེ་གནད་དོན་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་དང། དང་པོ་ཐེ་ཝན་རང་གི་ཚོང་དོན་གྱི་ནུས་ཤུགས་སྲ་བརྟན་བཟོ་ཐུབ་ན། གཞི་ནས་ས་ཆ་གཞན་དང་རྒྱལ་ཁབ་གཞན་ལ་ཚོང་དོན་གྱི་གྲོས་གཞི་བཞག་ན་འཚམས་པོ་ཡོད་རེད་”ཅེས་དང། “གལ་སྲིད་ཕྱོགས་གཉིས་ཀྱི་ས་ཁུལ་དུ་བཟོ་གྲྭ་འཛུགས་སྐྲུན་གྱི་ལས་གཞི་བརྗེ་བསྒྱུར་བྱས་ན། ཐེ་ཝན་ནང་ལས་མེད་ཀྱི་གྲངས་འབོར་འཕར་ཆ་ཆེ་རུ་འགྲོ་རྒྱུ་དང། རིན་གོང་ཆུང་བའི་རྒྱ་ནག་གི་ཚོང་ཟོག་ཐེ་ཝན་གྱི་ཁྲོམ་རའི་ནང་ཁྱབ་བརྡལ་འགྲོ་རྒྱུ་ཡིན་པ། དེ་བཞིན་ཐེ་ཝན་རང་བཙན་གྱི་ལམ་ལུགས་ལའང་རྒྱ་ནག་ཕྱོགས་ནས་བར་ཆད་གཏོང་སྲིད་པའི་སེམས་ཚབས་བྱེད་མཁན་མང་པོ་ཡོད་”ཅེས་བརྗོད་ཡོད་པ་རེད།