༧གོང་ས་མཆོག་གིས་བྱིས་པ་ཉམས་ཐག་ཆེད་ཞལ་འདེབས་གནང་འདུག
ཟླ་༡༡ པའི་ཚེས་༡༩ ཉིན་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛུམ་མདངས་ཐེབས་རྩ་ཁང་(smile Foundation)གིས་གདན་ཞུས་ལྟར་ཆིབས་བསྒྱུར་བསྐྱངས་ནས། བྱིས་པ་སྟོང་ཕྲག་བརྒལ་བར་ཀུན་ཁྱབ་འགན་ཁུར་སྐོར་བཀའ་སློབ་གནང་ཡོད་འདུག
༧གོང་ས་མཆོག་གིས་བྱིས་པ་ཉམས་ཐག་སྲུང་སྐྱོབ་བྱེད་མཁན་ཚོགས་པ་དེར། ལོ་ལྔའི་རིང་ལོ་རེར་ཧིན་སྒོར་འབུམ་༢༥ རེ་ཞལ་འདེབས་གནང་ནས་ཁྱོན་བསྡོམས་ཧིན་སྒོར་འབུམ་༡༢༥ ཞལ་འདེབས་གནང་རྒྱུ་ཡིན་པ་དང་། སྐབས་དེར་ཐེབས་རྩ་ཁང་དེའི་འགན་འཛིན་སྐུ་ཞབས་ཤན་ཏཱ་ནུ་མི་ཤྲ་ཡིས་༧གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་འདུག
༧གོང་ས་མཆོག་གིས་སྤྱི་ཚོགས་དང་ཕྱུག་པོ་དང་དབུལ་པོའི་གཉིས་ཀྱི་བར་ཐག་དེ་མེད་པ་བཟོ་བར། ཕྱུག་བདག་ཚོས་ཉམས་ཐག་གི་བྱིས་པ་ཚོར་ཤེས་ཡོན་གྱི་མཐུན་སྦྱོར་གནང་རྒྱུ་གལ་ཆེན་ཡིན་པ་དང་། ཉམས་ཐག་ཚོས་ཀྱང་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་གདེངས་ཚོད་མཐོ་རུ་གཏོང་རྒྱུ་གལ་ཆེན་ཡིན་པ། དེ་བཞིན་འཛམ་གླིང་ནང་འགྲོ་བ་མིའི་རིགས་འཐེར་འབུམ་༧ ཡོད་པ་ཚང་མ་ལུས་དང་སེམས། ཚོར་བ་སོགས་ཀྱི་ཐོག་ནས་གཅིག་མཚུངས་ཡིན་པ། རིག་མཐོ་དམན་གྱི་ལམ་ལུགས་དེ་ད་ཆ་དུས་ཚོད་ཡོལ་ཟིན་པའི་ལམ་ལུགས་རྙིང་པ་ཞིག་ཆགས་ཡོད་པས། དེ་ལ་བརྟེན་ནས་ཕན་ཚུན་མཐོ་དམན་དབྱེ་འབྱེད་བྱ་རྒྱུ་ནི་ཧ་ཅང་ཐབས་སྐྱོ་པོ་ཡིན་པ་སོགས་ཀྱི་སྐོར་ལ་བཀའ་སློབ་གནང་འདུག
མཛུམ་མདངས་ཐེབས་རྩ་ཁང་གིས་རྒྱ་གར་ནང་གི་མངའ་སྡེ་༢༥ ཡི་ནང་གྲོང་གསེབ་ཁུག་ཀྱོག་དང་དབུལ་གྲོངས་༩༥༠ ལས་མང་བའི་ནང་། ལོ་རེར་བྱིས་པ་འབུམ་བཞི་དང་དེ་དག་གི་ནང་མིར་མཐུན་རྐྱེན་སྦྱོར་གྱི་ཡོད་པ་དང་། ཤེས་ཡོན་དང་སྨན་བཅོས་ལྟ་སྐྱོང་། ལས་ཀ བུད་མེད་ནུས་སྟོབས་གོ་འཕེལ་སོགས་ཀྱི་ཐོག་ལས་གཞི་མི་འདྲ་བ་༢༠༠ ལས་མང་བ་སྤེལ་བཞིན་ཡོད་འདུག
ཟླ་༡༡ པའི་ཚེས་༡༧ ཉིན་རྒྱ་གར་ནང་མཛད་འཆར་ཁག་ཅིག་གི་ཆེད་དུ། ༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།ཚེས་༢༦ ཉིན་ཕྱིར་བཞུགས་སྒར་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།