ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་ནས་སྨོན་ལམ་དང་མཆོད་འབུལ།
༄༅། །འཕགས་ཡུལ་རྒྱ་གར་འབྲས་མོ་ལྗོངས་སུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་དགོན་སྡེ་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་བླ་སྤྲུལ་འདུས་ཚོགས་དང་མི་མང་བཅས་པས་བོད་ལྕགས་སྟག་ལོའི་ས་ག་ཟླ་བའི་ཚེས་ ༧ ནས་ ༡༥ བར་སྟེ་ཕྱི་ཟླ་ ༥ ཚེས་ ༢༠ ནས་ ༢༧ བར་ད་ལོ་རང་ཡུལ་གངས་ལྗོངས་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིགས་པའི་འོག་རྐྱེན་ངན་གོད་ཆག་འོག་རྐྱེན་འདས་སུ་ཕྱིན་པ་རྣམས་ཐར་པ་བདེ་བའི་གོ་འཕང་འཐོབ་ཕྱིར་རྣམ་རྒྱལ་ནོར་བུའི་སྨོན་ལམ་སོགས་སྨོན་ལམ་གྱི་ཚོགས་དང༌། ཤུལ་ལུས་རྨས་སྐྱོན་ཕོག་ཅིང་ལུས་ངག་ཡིད་གསུམ་ལ་དཀའ་ཚེགས་བསམ་ཡུལ་ལས་འདས་པ་འཕྲད་པ་རྣམས་བདེ་ཐང་དང་འཇིགས་ཉེན་གྲོལ་བ་དང༌། ཁྱད་པར་དུ་ྋགངས་ཅན་འགྲོ་བའི་མགོན་པོ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་དང༌། རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཁག་གི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་ཡངས་པའི་འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ལ་ནད་མུག་འཁྲུག་རྩོད་དང་དུས་མིན་འབྱུང་འཁྲུག་མི་འབྱུང་ཞིང་རྒྱལ་ཁམས་ཞི་བདེ་ཡོང་བའི་ཕྱིར་སྙིགས་ལྔའི་འགྲོ་འདྲེན་བླ་ཆེན་དྲན་པ་ནམ་མཁའི་གསང་སྒྲུབ་ཀྱི་ཁྲི་ཚོགས་དང༌། བོན་སྐྱོང་བསྟན་སྲུང་དམ་ཅན་རྒྱ་མཚོའི་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོ་སོགས་གཡུང་དྲུང་བོན་སྐྱོང་སྲུང་མ་རྣམས་ཀྱི་ཁྲི་ཚོགས་བཅས་རྒྱས་འབུལ་གནང་ཡོད་འདུག་པ་བཅས།།