བོད་མི་སྒེར་ལངས་ཆེན་མོའི་མཐོང་ཐོས།
ཡབ་རྗེ་བྱང་སེམས་སྤྲེ་འུ་དང༌།།
ཡུམ་ཆེན་ཨ་མ་བྲག་སྲིན་ཀྱི།།
གཞིས་བྱེས་བུ་རྒྱུད་གསར་པའི་ཁྱུས།།
ཕ་ས་བླང་ཕྱིར་དཔའ་སྐད་སྒྲོག།
ལ་ལས་མེ་མདའི་ཁ་གཏད་ཁ་གཡང་འབོད།།
ལ་ལས་དར་དམར་ཕབ་སྟེ་སེང་དར་སྒྲེང༌།།
གང་ཞིག་བྱས་ཀྱང་བོད་མིར་ཐོབ་ཐང་ཡོད།།
མནོ་བསམ་ཞིབ་མོའི་ལམ་ནས་ལྟོས་དང་གྱིས།།
དེད་དཔོན་ཆེན་པོས་དབུས་མའི་ལམ་སྟོན་མཛད།།
གཞོན་ནུ་མང་པོས་རང་བཙན་ལྟ་བར་དགའ།།
གང་ཞིག་ཡིན་ཡང་བོད་མིར་ཐོབ་ཐང་ཡོད།།
ལོ་རྒྱུས་ཕྲ་བའི་རིགས་པས་དཔྱོད་དང་གྱིས།།
གསར་འགྱུར་བརྒྱུད་ལམ་དངོས་ཀྱི་གནས་ཚུལ་བཤད།།
གསར་འགོད་པ་ཚོས་གནས་ཚུལ་གསར་པ་འཚོལ།།
གང་ཞིག་བྱས་ཀྱང་བོད་མིར་ཐོབ་ཐང་ཡོད།།
གཟུར་གནས་མཁས་པའི་བུ་ཡིས་གསན་ན་ཤེས།།
ཤཀྱའི་སྲས་ཀྱིས་ཞི་བའི་བདེན་ཚིག་བསྲིངས།།
སྲོང་བཙན་རིགས་ཀྱིས་དཔའ་བའི་དཔའ་སྐད་བསྒྲགས།།
ཚངས་སྲས་བུ་ཡི་སྨྱུག་རྩེས་དངོས་དོན་ཕབ།།
དཔྱོད་མཁས་གཟུར་གནས་མི་ཡིས་དཔྱད་ན་ཤེས།།
དཔའ་བོ་རྣམས་ཀྱིས་རྒྱུ་ཆེན་ཕྱི་རུ་བཏོན།།
དཔའ་མོ་རེ་འགས་ལྟོ་ཡི་ཕྲུ་གུ་ཤོར།།
ད་དུང་ཁྱེད་ཅག་གདོང་འབག་མཐུག་པོའི་གསེབ།།
རྫུན་གྱིས་འཁོར་ལོ་སྐོར་བ་ངོ་རེ་ཚ།།
བྱང་སེམས་བདག་ཉིད་ཅན་ཚོས་སྤྱན་ཆབ་ཤོར།།
སོ་སྐྱེས་རྣམས་ཀྱི་སྙིང་ཆུང་གས་ལ་ཉེ།།
ཐམས་ཅད་ཁྱོད་ཚོས་བྱས་པའི་ངན་འབྲས་ལས།།
བོད་མི་ང་ཚོར་ནོངས་པ་ཅི་ཡང་མེད།།
རྒྱལ་བས་རྩེད་འགྲན་ཆེན་མོར་རྒྱབ་སྐྱོར་གནང༌།།
དམངས་ཀྱིས་གོ་སྐབས་བཟུང་སྟེ་ཞི་རྒོལ་བྱས།།
འགྱེལ་ལ་ཁད་ཉེའི་གངས་ལྗོངས་སྐྱོབ་པ་ལས།།
རྒྱ་ནག་རྩེད་འགྲན་ཆེན་མོ་འགོག་དོན་མེད།།
མདོ་དབུས་ཁམས་ཀྱི་དཔའ་བོ་དཔའ་མོ་ཚོས།།
གདུག་རྩུབ་ཆེ་བའི་སྐར་ལྔའི་དར་དམར་འོག།
ལོ་མང་སྐྱོ་གདུང་ལུས་ངག་ཐོན་པ་ལས།།
རྒྱལ་བས་བཀས་བསྐུལ་མིན་པ་ཧ་ཅང་གསལ།།
སྐམ་ས་ཆེན་མོའི་རང་གི་མི་རིགས་ཁྲོད།།
ཝང་ལེ་ཞུང་སོགས་གཟུར་གནས་མཁས་དབང་ཚོས།།
མི་རིགས་གཉིས་ཀྱི་འགལ་ཟླའི་གསང་བ་དེ།།
ཕྱོགས་གཉིས་ཞི་མོལ་ལམ་ནས་སེལ་དགོས་གསུངས།།
དེ་མིན་དབང་ཤུགས་ཁོ་ནས་འདུམ་ཐབས་ནི།།
ཟུག་བཅག་སྨན་བཞིན་རེ་ཞིག་འཇམ་པ་ལས།།
རྒྱུ་ཚོགས་རྣམ་པར་འཕེལ་བའི་དུས་ཤིག་ན།།
འཇིགས་ཤིང་ཡ་ངའི་གཡོ་འགུལ་བསྐྱར་དུ་འོང༌།།
ལྟག་འོག་འགལ་འདུའི་ཕུང་པོ་ལྷུན་པོ་ཆེ།།
དཔལ་འབྱོར་ལྕགས་ཀྱི་ཐོ་བས་འཇིག་ནུས་མིན།།
རང་དབང་བདེ་སྐྱིད་ཉི་མ་ཤར་འཇུག་ཚེ།།
གཞན་དབང་སྡུག་གི་ཉི་མ་མཁའ་མཐར་ཡལ།།
དབྱིན་ཇིའི་བྷི་བྷི་སི་དང་རྒྱ་གར་ཉི་ཤུ་བདུན་གྱི་བརྙན་འཕྲིན་དང༌།།
ཨ་རིའི་སི་ཨན་ཨན་སོགས་གནས་ཚུལ་གསར་པ་ཐོལ་བྱུང་སྟོན་པའི་ཚེ།།
གཞིས་པའི་མནར་གཅོད་གསལ་བར་མཐོང་དང་གསར་འགྱུར་བརྒྱུད་ལམ་ཐོས་པའི་རྗེས།།
བདག་གིས་མཐོང་ཕྱོགས་སྨྱུ་གུའི་རྩེ་བཞུར་ཕྱོགས་གཉིས་ཕན་རྒྱུར་འགྱུར་སྙམ་བྲིས།།
ཕྱི་ལོ་ ༢༠༠༠༨ ཟླ་བ་ ༣ ཚེས་ ༡༧ ཉིན་བྲིས།
