ཐའེ་ཝན་གྱིས་རྒྱ་ནག་ལ་ཉེན་བརྡ་བཏང་འདུག

རྒྱ་ནག་གིས་ཐའེ་ཝན་གྱི་འགྲམ་དུ་མཁའ་དམག་སྦྱོང་བརྡར་ཇེ་མང་བཏང་བ་དེས། ཐའེ་ཝན་གྱི་རྒྱལ་སྲུང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པའི་ཉེན་བརྡ་བཏང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༦ ཉིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་གྱི་འགྲམ་དུ་རྒྱ་ནག་གིས་མཁའ་དམག་སྦྱོང་བརྡར་ཇེ་མང་བཏང་བ་དེས་ཐའེ་ཝན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བཞིན་ཡོད་པ་ཐའེ་ཝན་གྱི་རྒྱལ་སྲུང་ལོ་འཁོར་སྙན་ཐོའི་ནང་འཁོད་ཡོད་འདུག

དེ་ཡང་ཐའེ་ཝན་གྱི་བརྒྱུད་ལམ་ཁག་གིས་རོབ་རྩིས་བྱས་པ་ལྟར་ན། འདི་ལོར་རྒྱ་ནག་གིས་མཁའ་དམག་གནམ་གྲུ་ཐའེ་ཝན་གྱི་ཉེ་འཁོར་དུ་བཏང་ནས་ཉུང་མཐར་དམག་སྦྱོང་ཐེངས་༢༠ བྱས་ཡོད་པ་དང་། དེ་ནི་ལོ་སྔོན་མ་ལོར་དམག་སྦྱོང་ཐེངས་༨ བྱས་པ་དང་བསྡུར་ན་ལྡབ་འགྱུར་ལྷག་གིས་མང་བ་ཆགས་ཡོད་འདུག

འདི་ལོར་ཐའེ་ཝན་གྱི་འགྲམ་དུ་རྒྱ་ནག་གི་དམག་སྦྱོང་འཕྱི་ཤོས་དེ་བདུན་ཕྲག་སྔོན་མའི་ནང་བྱས་ཡོད་ཅིང་། སྐབས་དེར་མཁའ་དམག་གནམ་གྲུ་འདྲ་མིན་ཁག་ཅིག་ཞི་བདེ་རྒྱ་མཚོ་དང་ཐའེ་ཝན་གྱི་ལྷོ་ཕྱོགས་གཉིས་བར་ཕར་ཚུར་འཕུར་ཡོད་འདུག་ཅིང་། ཐའེ་ཝན་གྱི་ཕྱི་འབྲེལ་བློན་ཆེན་ཧྥོང་ཤིན་ཁོན་(Feng Shih-kuan) གྱིས་རྒྱ་ནག་གི་མཁའ་དམག་གནམ་གྲུ་ཡང་ཡང་དུ་འཕུར་བསྐྱོད་བྱས་པ་དེས། ཐའེ་ཝན་གྱི་རྒྱལ་སྲུང་ལ་འཇིགས་སྐུལ་ཆེན་པོ་ཞིག་བཏང་ཡོད་སྐོར་ཟླ་འདིའི་ཕྱི་ཚེས་༢༦ ཉིན་བཏོན་པའི་ཐའེ་ཝན་རྒྱལ་སྲུང་སྐྱོབ་སྙན་ཐོ་འདོན་ཐེངས་༡༤ པའི་ནང་འཁོད་ཡོད་འདུག

དེ་བཞིན་སྙན་ཐོའི་ནང་ཚོད་དཔག་བྱས་པ་ལྟར་ན་རྒྱ་ནག་སྐམ་ས་ཆེན་མོར་དམག་མི་ས་ཡ་གཉིས་དང་། ཐའེ་ཝན་ལ་དམག་མི་༢༡༠,༠༠༠ ཙམ་ལས་མེད་པ་དང་། གནད་དོན་འདིའི་ཐོག་ནས་ཐའེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཧྥོང་ཤིན་ཁོན་གྱིས་“རྒྱ་ནག་གི་རྒྱལ་སྲུང་འགྲོ་གྲོན་སྔོན་རྩིས་དང་། དམག་ཤུགས་གོང་འཕེལ་བཅས་ལ་ཐའེ་ཝན་གྱིས་བསྡུར་ཐུབ་ཀྱི་མ་རེད་”ཅེས་སྙན་ཐོའི་ནང་བརྗོད་ཡོད་འདུག་ཀྱང་། ཁོང་གིས་སྔོན་ཐོན་དུ་གྱུར་པའི་རྒྱ་ནག་གི་དམག་ཤུགས་འགོག་ཐབས་སུ། ཐའེ་ཝན་གྱིས་བསྐྱར་ཞིབ་ནན་ཏན་བྱས་པའི་ཐོག རྣམ་པ་མི་འདྲ་བའི་ཐོག་ནས་གནད་ལ་ཁེལ་བའི་དམག་ཇུས་ཆུང་ཆུང་གི་འཆར་གཞི་འཐེན་ཡོད་སྐོར་བརྗོད་ཡོད་འདུག་པ་མ་ཟད། དེ་དག་གི་དཔེ་མཚོན་ཡང་དྲངས་ཡོད་འདུག

རྒྱ་ནག་གཞུང་གིས་ཐའེ་ཝན་དེ་ཁོ་རང་ཚོའི་ས་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་དང་ཐའེ་ཝན་གཉིས་ཟླ་སྒྲིལ་ཡོང་བར་དམག་ཤུགས་བེད་སྤྱོད་བྱེད་དགོས་འཁེལ་ཡང་བྱེད་རྒྱུ་ཡིན་སྐོར་བརྗོད་བཞིན་ཡོད་པ་དང་། ཐའེ་ཝན་ནི་མང་གཙོའི་ལམ་ལུགས་ཀྱི་ཐོག་ནས་སོ་སོས་སྲིད་སྐྱོང་བཞིན་པ་ཞིག་ཡིན་ཡང་། ད་བར་གཞུང་འབྲེལ་ཐོག་ནས་རང་བཙན་ཡིན་པའི་གསལ་བསྒྲགས་གཏན་ནས་བྱས་མེད་པ་རེད། འོན་ཀྱང་། ཐའེ་ཝན་གྱི་ལས་ཐོག་སྲིད་འཛིན་ལྕམ་ཚའེ་ཨེང་ཝེན་གྱིས་ན་ནིང་ལོར་སྲིད་འཛིན་གྱི་ལས་ཁུར་བྱས་ཡོད་པ་དང་། མོས་རྒྱ་ནག་གཅིག་གི་སྲིད་ཇུས་ཁས་ལེན་བྱས་མེད་སྟབས། དེ་ནས་བཟུང་རྒྱ་ནག་གིས་ཐའེ་ཝན་གྱི་འགྲམ་དུ་མཁའ་དམག་སྦྱོང་བརྡར་བྱེད་རྒྱུ་ཇེ་མང་དུ་བཏང་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།