འབྲོག་པ་གནས་སྤོ་ལ་ངོ་རྒོལ་གྱིས་རྒྱ་དར་མེར་བསྲེག

ཟླ་འདིའི་ཚེས་༣ ཉིན་བོད་མདོ་ཁམས་མི་ཉག་ནགས་ཕྲན་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན། ཕྱི་ཟླ་༥ པའི་ཚེས་༡༢ ནུབ་མོར་མི་ཉག་ནགས་ཕྲན་ལྷ་རི་ཐང་(ཀླ་རི་ཐང་)དུ་རྒྱ་གཞུང་གིས་བཙན་དབང་འོག་གསར་རྒྱག་བྱས་པའི་སྡོད་ཁང་ ༥༢ ཅན་གྱི་གྲོང་གསར་དཀྱིལ་དུ་བསྒྲེངས་ཡོད་པའི་རྒྱ་ནག་གི་རྒྱལ་དར་མར་ཕབས་ནས་མེར་བསྲེགས་པ་དང༌། ད་དུང་མའོ་ཙེ་ཏུང་དང་ཅང་ཙེ་མེན། ཧུའུ་ཅིན་ཐའོ་བཅས་ཀྱི་འདྲ་པར་ཁ་ཤས་ཡང་མེར་བསྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།

ས་གནས་ཡུལ་མི་ཚོར་གནས་ཚུལ་དེའི་སྐོར་སྐད་ཆ་དྲིས་སྐབས། དེ་ནི་སྤྱི་ཟླ་༥ པའི་ཚེས་༡༤ ཉིན་སི་ཁྲོན་ཞིང་ཆེན་གྱི་མཐོ་རིམ་མགོ་ཁྲིད་ཁག་ཅིག་ནགས་ཕྲན་ལྷ་རི་ཐང་དུ་རྒྱ་གཞུང་གི་བཙན་དབང་འོག་གསར་རྒྱག་བྱས་པའི་གྲོང་གསར་ལ་ལྟ་སྐོར་དུ་ཡོང་གི་ཡོད་པར་ངོ་རྒོལ་བྱས་པ་རེད་ཟེར། མིང་སྨྲ་འདོད་མེད་པའི་ཡུལ་མི་དེས་བཤད་དོན་ལ། སྐབས་དེའི་སྔོན་ལ་ས་གནས་སྲིད་གཞུང་གིས་གྲ་སྒྲིག་ཚོགས་འདུ་འཚོགས་ནས་སྡོད་ཁང་ལྔ་བཅུ་ང་གཉིས་ཡོད་པའི་ནང་ཁྱིམ་ཚང་བཅུ་ཐམ་པ་བཙན་དབང་གིས་སྤོ་བཅུག་སོང༌། ད་དུང་ཁོང་ཚོར་ཁུལ་རིམ་པའི་དཔོན་རིགས་ཚོར་བཀའ་དྲིན་ཞུ་དགོས་པ་དང༌། རང་རང་གི་ནང་ལ་གྲ་སྒྲིག་ཡག་པོ་བྱེད་དགོས་པས་སོ་སོའི་གཉེན་ཉེ་སོགས་ཀྱི་མར་ཆུར་དང་འབྲུ་རིགས་སོགས་རང་ལ་མེད་པ་རྣམས་གཡར་ནས་དོ་བོ་མང་པོ་བརྩིགས་དགོས་པའི་བཀའ་བཏང་ཡོད་པ་རེད། ཡིན་ན་ཡང་དེང་སྐབས་འབྲོག་པ་རྣམས་འབྲོག་ལས་བྱེད་དུ་འགྲོ་དགོས་པ་དང་།  ཞོར་ལས་བྱེད་དགོས་ཀྱི་ཡོད་པས་དེ་འདྲ་བྱེད་རྒྱུར་དུས་ཚོད་མེད། རང་ལ་མེད་པའི་དངོས་པོ་གཞན་ལ་གཡར་རྒྱུ་ཡང་དཀའ་ལས་ཡོད་སྟབས། ང་ཚོའི་རྒྱལ་མཚན་དང་ཁོང་གི་བཟའ་ཟླ་སྒྲོན་གསལ་གཉིས་ཀྱིས་དེ་འདྲ་རྩ་བས་ནས་ཡོང་གི་མ་རེད་ཅེས་ངོས་ལེན་བྱས་མ་སོང༌། དེའི་ཕྱི་ཉིན་ཡང་བསྐྱར་ལས་བྱེད་གཉིས་ཁོང་ཚོའི་སར་སོང་ནས་ད་ཐེངས་ཀྱི་ལས་དོན་ལ་གྲུབ་འབྲས་བྱུང་ན་རྗེས་སུ་གཞུང་གིས་གཟིགས་རྟོགས་ཡག་པོ་ཡོད་པ་དང༌། ལྷག་པར་རྒྱལ་མཚན་དང་སྒྲོན་གསལ་གཉིས་ཀྱི་བུ་ཕྲུག་སློབ་གྲྭར་ཡོད་པ་དེའི་ལོ་འཁོར་རྒྱུག་སྤྲོད་ཡག་པོ་ཡོང་རྒྱུ་དང་རྗེས་སུ་གོ་གནས་ཆེན་པོ་ཐོབ་པར་ཕན་ཐོགས་ཡོད་པར་བཤད་འདུག་ན་ཡང་། ཁོང་གཉིས་ཀྱིས་ངོས་ལེན་བྱས་ཡོད་པ་མ་རེད། མ་ཚད་སྒྲོན་གསལ་གྱིས་ཁོ་རང་གཉིས་ལ་རྒྱ་སྒོར་གཅིག་གི་རོགས་སྐྱོར་མ་སྤྲད་ཀྱང་ཆོག དཀོན་མཆོག་དང་འགལ་བའི་སྐྱག་རྫུན་བཤད་ནས་རྒྱུ་འབྲས་མེད་པའི་ལས་ཀ་བྱེད་ཀྱི་མིན་ཞེས་བཤད་ནས་ཕྱི་ཉིན་སྨན་ཁང་དུ་འགྲོ་དགོས་པར་ཁ་གཡར་ནས་ཕྱི་ལོགས་སུ་ཕྱིན་འདུག  དེའི་རྐྱེན་གྱིས་ཁོང་གཉིས་ལ་ཉིན་འགའི་སྔོན་གཞུང་གིས་རོགས་སྐྱོར་ཡིན་ཁུལ་གྱི་སྤྲད་པའི་ཁྱིམ་ཆས་དང་ཅ་དངོས་རེ་ཟུང་ཡོད་པ་རྣམས་ས་གནས་སྲིད་གཞུང་གིས་ཕྱིར་བསྡུ་བྱས་སོང༌། ང་ཚོས་ཁོང་གཉིས་རྗེས་སུ་ག་འདྲ་ཆགས་ཡོང་སེམས་ཁྲེལ་བྱེད་ཀྱི་ཡོད། དེའི་རྗེས་ལ་རྒྱ་ནག་གི་རྒྱལ་དར་དང་ཏང་གི་འགོ་ཁྲིད་ཚོའི་འདྲ་པར་མེར་བསྲེག་པའི་གནས་ཚུལ་བྱུང་བ་རེད། གནས་ཚུལ་དེ་ལས་བྱེད་ཚོས་གསང་བ་བྱས་ནས་སུ་ལ་བཤད་མི་ཆོག་པ་བྱས་པ་རེད། མ་གཞི་ནས་གྲོང་གསར་ལྷ་རི་སྡེ་བ་ཟེར་བ་དེར་འདུག་མཁན་ཞིག་ཡོད་པ་མ་རེད། ཡིན་ཡང་ང་ཚོས་སྐབས་རེ་དེར་བསྡད་ཡོད་ཁུལ་གྱིས་མེ་གཏོང་བ་དང་ལས་ཀ་བྱེད་པའི་རྣམ་པ་སྟོན་དགོས་རེད་ཅེས་འགྲེལ་བརྗོད་བྱས་སོང༌།

ཟླ་༥ པའི་ཚེས་༡༤ ཉིན་ཁུལ་རིམ་པའི་དཔོན་རིགས་ཁག་ཅིག་ལྟ་བསྐོར་ལ་འཁྱུག་ཙམ་འབྱོར་ནས་ཕྱིན་ཡོད་འདུག་མོད་དཔོན་རིགས་དེ་ཚོའི་མིང་དང་གོ་གནས་གང་ཡིན་འབྲོག་པ་ཚོས་ཤེས་ཀྱི་མེད་པ་རེད་འདུག མི་ཉག་ནགས་ཕྲན་སྡེ་བ་ནི་སི་ཁྲོན་ཞིང་ཆེན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང། ལུང་འདུས་ཤང་། ༼ལུང་བསྟན་ཤང་།༽ ནགས་ཕྲན་སྡེ་བ་འམ་ལུང་འདུས་ཟེར་བ་དེ་རེད།
མེ་སོར་གསར་འགོད་པས།