མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་དགོངས་རྫོགས་མཆོད་འབུལ།

ཟླ་འདིའི་ཚེས་༡༣ ཉིན་ཏེ། རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་འགྲམ་དུ་འཚོགས་པའི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་དགོངས་རྫོགས་མཆོད་འབུལ་ཐེངས་༡༥ པའི་ཉིན་མཐའ་མའི་ཐོག་༧གོང་ས་ས་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་གནང་ཡོད་པ་རེད།

དགོངས་རྫོགས་མཆོད་འབུལ་དེ་ཉིན་གསུམ་རིང་འཚོགས་པ་དང་། ཉིན་མཐའ་མའི་ཐོག་༧གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས། གོ་སྒྲིག་ཚོགས་ཆུང་གིས་སྤོས་སྣེ་སྔོན་བསུས་ཏེ་ཕེབས་བསུ་ཞུས་པ་དང་། མགོན་པོ་གང་ཉིད་ཀྱིས་མཆོད་རྟེན་ནང་གནས་གཟིགས་གནང་རྗེས། བཞུགས་ཁྲིར་ཞབས་སོར་འཁོད་པ་དང་། དགེ་རྩེ་རིན་པོ་ཆེ་དང་། མཁན་པོ་རྣམ་གྲོལ། རྙིང་མའི་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བློ་བཟང་རྒྱ་མཚོ་སོགས་ཀྱིས་མཎྜལ་རྟེན་གསུམ་ཕུལ་ཡོད་པ་རེད། དགོངས་རྫོགས་མཆོད་འབུལ་ཐོག་རྙིང་མའི་དགོན་སྡེ་ཁག་ནས་ཕེབས་པའི་གདན་ཞུའི་སྐུ་མགྲོན་དང་། མཁན་པོ་འཇིགས་མེད་ཕུན་ཚོགས་ཀྱི་སློབ་མ་དང་སློབ་རྒྱུད། ས་གནས་གང་ས་ནས་ཕེབས་པའི་དད་ལྡན་མི་མང་མཉམ་ཞུགས་བྱས་ཡོད་པ་རེད། ༧གོང་ས་མཆོག་འདས་མཆོད་སྨོན་ལམ་ཐེངས་༧ པའི་ཐོག་ཆིབས་བསྒྱུར་གནང་ཡོད་པ་དང་། ད་ཐེངས་ཐེངས་གཉིས་པ་དེ་ཡིན་པ་རེད།།
བརྙན།
གསར་འགོད་པ་ཆོས་ཉིད་འོད་ཟེར།