ང་ཚོའི་དམིགས་འདུན་གཅིག་དང་འབོད་སྒྲ་གཅིག་ཡིན།
དེ་ཡང་འཕགས་བོད་མཛའ་འབྲེལ་ཚོགས་པ་དང། དྷ་སྟེང་རྒྱ་གར་མི་མང། བྷག་སུ་གླ་བྱེད་རླངས་འཁོར་ཚོགས་པ། མེག་གྷན་མགྲོན་ཁང་ཚོགས་པ། མེག་གྷན་རི་འཛེགས་ཚོགས་པ། མེག་གྷན་གླ་བྱེད་རླངས་འཁོར་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང། ཞི་བདེ་དང་བྱམས་བརྩེ་གོང་འཕེལ་ཡོང་བ་བཅས་ཀྱི་ཆེད་དུ་ཧིན་དྷུའི་ཆོས་པ་ར་ཧུལ་མཆོག་གིས་དབུ་ཁྲིད་པའི་ཧིན་དྷུའི་ཆོས་ལུགས་ཀྱི་སྦྱིན་སྲེག་གི་ཆོ་ག་བཏོན་ནས་སྨོན་ལམ་བརྒྱབ་ཡོད་པ་དང། མཛད་རིམ་ནང་དུ་ང་ཚོའི་དམིགས་ཡུལ་གཅིག་དང་འབོད་སྒྲ་གཅིག་ཡིན་ཞེས་བོད་མི་རྣམས་ལ་རྒྱབ་སྐྱོར་མཚོན་པའི་ཐ་ཚིག་ཅིག་ཀྱང་བཀོད་ཡོད་པ་རེད། དེ་བཞིན་ཚོགས་པ་དེ་རྣམས་ཀྱི་མཉམ་འབྲེལ་གྱི་ཐོག་ནས་༧གོང་ས་མཆོག་ལ་སྐུ་གཟན་ཞིག་ཀྱང་ཕུལ་སོང།
དེ་རྗེས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ཇཱའི་སིང་གིས་གསུང་བཤད་གནང་དོན། དྷ་རམ་ས་ལའི་ཁོར་ཡུག་མཛེས་སྡུག་ལྡན་པ་འདི་༧གོང་ས་མཆོག་གིས་བྱིན་གྱིས་བརླབས་པའི་གནས་མཆོག་ཅིག་ཆགས་པ་དང། གནས་འདིར་འཛམ་གླིང་དུ་སྙན་གྲགས་ཆེ་བའི་ཆབ་སྲིད་ཀྱི་མི་སྣ་དང། ཚན་རིག་པ། རྩོམ་པ་པོ། མཚན་ཉིད་རིག་པ་བ་སོགས་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་ཡི་ཡོད་པ་རེད། ༧གོང་ས་མཆོག་གནས་འདིར་ཕ་ཡུལ་གཉིས་པ་ལྟ་བུར་བཞུགས་ནས་མི་ལོ་ལྔ་བཅུ་འཁོར་གྱི་ཡོད་པས། དེ་ནི་དྷ་རམ་ས་ལའི་མི་མང་གི་གོ་སྐབས་བཟང་པོ་ཞིག་རེད། དྷ་རམ་ས་ལའི་མི་མང་གི་དཔལ་འབྱོར་སོགས་གང་ཅིའི་ཐད་ཡར་རྒྱས་སོང་ཡོད་པ་དེ་༧གོང་ས་མཆོག་བཞུགས་པའི་བྱིན་རླབས་རེད། དེར་བརྟེན་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང། དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང། དྷ་རམ་ས་ལར་ཡོད་པའི་བོད་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུང་བཤད་གནང་སོང།
དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་འདིར་ཨ་ཇཱའི་སིང་དང། གཞན་ཡང་ཆོ་ག་འདོན་མཁན་རྣམ་པ། དེ་བཞིན་འདིར་ཕེབས་པ་ཚང་མས་བསམ་པ་རྣམ་པར་དག་པའི་སྒོ་ནས་རིག་བྱེད་ཀྱི་མེ་ལྷ་གསོལ་བའམ། ལས་གཞི་ལྷུན་གྱིས་འགྲུབ་པར་བྱེད་པའི་མེ་ལྷའི་ཆོ་ག་བཏོན་པ་དང། གསོལ་སྟོན་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་བཙན་བྱོལ་བ་ཡོད་སའི་ས་ཆ་ཁག་ལ་ཕྲན་བུའི་རྙོག་གྲ་ཡོང་སྲིད་པ་རེད་དེ། སྤྱིའི་ཆ་ནས་ས་ཆ་གང་དུ་ཡིན་ཡང་ཡུལ་མི་ཚོ་དང་འབྲེལ་བ་ཞེ་དྲག་ཡག་པོ་རེད། སུད་སི་དང་ཨ་རི། ཁེ་ན་ཌ་དང་ཨོ་སི་ཁྲུ་ལི་ཡ་སོགས་ལ་བོད་པ་ཚོར་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག བོད་པའི་གཤིས་ཀ་ཡག་པོ་ཞིག་ཡོད་པའི་རྐྱེན་གྱིས་ཚང་མས་དགའ་པོ་བྱེད་ཀྱི་འདུག
བོད་པ་ཚོས་མིའི་དགའ་པོ་བྱེད་པའི་རྒྱུ་མཚན་ཤེས་དགོས་ཀྱི་འདུག བོད་པ་ལ་རྒྱུ་ཡོད་པ་དང། ཤེས་ཡོན་ཡོད་པ། མཛེས་སྡུག་ལྡན་པ་ཞིག་ཡིན་པའི་རྐྱེན་གྱིས་དགའ་པོ་བྱེད་ཀྱི་ཡོད་མ་རེད། བོད་པའི་གཤིས་ཀ་དེ་ཡ་རབས་དང། དྲང་བདེན། གནོད་འཚེ་མི་བྱེད་མཁན། ལྷག་བསམ་རྣམ་དག་བྱེད་པ། སྐྱག་རྫུན་མི་ཤོད་པ་ཞིག་ཡིན་ན་དུད་འགྲོ་ཡིན་ནའང་དགའ་པོ་བྱེད་ཀྱི་རེད། གནོད་འཚེ་ཕྲན་བུ་བྱས་ཀྱང་དེ་མི་འོས་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡིན་པའི་ཆ་ནས་མཐའ་དབུས་གང་དུ་ཡོད་ཀྱང། དེ་ང་ཚོ་བོད་པའི་རིན་ཐང་རེད་འདུག བོད་པ་ཚོས་སོ་སོའི་རིན་ཐང་ངོ་ཤེས་པ་བྱེད་དགོས། ཡང་ཁྲ་ཁྲ་སིང་སིང་གི་དུས་ཤིག་སླེབས་ཡོང་དུས་རིན་ཐང་དེ་བརླབས་པ་ཡིན་ན་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་རེད།
ང་ཚོ་བཙན་བྱོལ་དུ་གྱར་བ་དེ་ཕྱོགས་གཅིག་ནས་སེམས་སྐྱོ་པོ་རེད་དེ། ཕྱོགས་གཅིག་ནས་གོ་སྐབས་བཟང་པོ་ཞིག་རེད། གོ་སྐབས་དེ་དག་ལོངས་སྤྱོད་ཐུབ་པར་རྒྱབ་སྐྱོར་གནང་མཁན་གཙོ་བོ་རྒྱ་གར་དབུས་གཞུང་དང། ས་གནས་རྒྱ་གར་གཞུང། ཉིན་རེའི་ནང་འདྲིས་གཤིབ་བྱས་པའི་ཡུལ་མི་ཚོས་གྲོགས་པོའི་འདུ་ཤེས་ཀྱི་རྒྱབ་སྐྱོར་ཡོད་པ་དེ་ཧ་ཅང་དྲིན་པོ་ཆེན་པོ་རེད། དེ་རིང་དམིགས་བསལ་གོ་སྒྲིག་བྱེད་མཁན་དང། གསོལ་སྟོན་གནང་མཁན་སོགས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་གི་གསོལ་ཚིགས་འབུལ་སྟངས་དེ་ཕལ་ཆེར་སྟོན་པ་བཅོམ་ལྡན་འདས་དང། ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་དཔལ་ནཱ་ལེནྜའི་མཁས་པ་ཚོས་བསོད་སྙོམས་བཞེས་ནས་འཚོ་བ་འདི་འདྲ་བ་བསྐྱལ་ཡོད་པ་རེད། ང་ཚོས་ནམ་རྒྱུན་ཁོང་རྣམ་པས་བཞེས་མ་མྱོང་བའི་ཁ་ལག་དེ་འདྲ་ཟ་རྒྱུ་རག་གི་ཡོད་རེད་དེ། དེ་རིང་ཁོ་རང་ཚོས་བཞེས་རྒྱུའི་ཁ་ལག་ཟ་རྒྱུ་བྱུང་བ་དེ་ཧ་ཅང་སྐལ་བ་བཟང་པོ་རེད་ཅེས་བཀའ་སློབ་གནང་སོང།
དེ་རྗེས་༧གོང་ས་མཆོག་གིས་གཙོས་བཙན་བྱོལ་བོད་གཞུང་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང། སྦྱིན་སྲེག་ཆོ་ག་འདོན་མཁན་གྱི་རྒྱ་གར་གྱི་ཆོས་པ་རྣམས་ཀྱིས་ཉིན་གུང་གསོལ་ཚིགས་ཐེག་ཆེན་ཆོས་གླིང་གཙུག་ཁག་ཁང་གི་མདུན་ཐང་དུ་བཞེས་པ་དང། དེ་རྗེས་དེར་འདུས་ཀྱི་རྒྱ་གར་མི་མང་དང། བོད་མི་སེར་སྐྱ་ཡོངས་ལ་ཉིན་གུང་གསོལ་ཚིགས་ཕུལ་ནས་ས་གནས་རྒྱ་གར་མི་མང་གི་བསམ་པ་མཚོན་པར་བྱས་ཡོད་པ་རེད།།
