དབུས་གཙང་དབུས་རྒྱུན་གྱིས་ཆུ་གློད་འདུག

མདོ་སྟོད་ཀྱི་སྒྲིག་འཛུགས་ཆུ་བཞི་སྒང་དྲུག་ཟེར་བ་དེ་ལ་མཚོན་ནའང། གཟི་བརྗིད་ཅན་གྱི་སྒྲིག་འཛུགས་དེ་མདོ་སྟོད་ཆོལ་ཁའི་རྒྱུན་ལས་ཀྱི་སྒྲིག་འཛུགས་ཀྱི་མིང་དུ་ཐོགས་པའི་རྗེས་ནས་སྤྱི་ཚོགས་ནང་ཕན་ཐོགས་པའི་བྱ་བ་གཅིག་ཀྱང་བྱེད་མྱོང་མེད་ཅེས་བརྗོད་ཀྱང་ཆེ་ས་ས་ནས་མི་ཆོག་པ་གཏན་ནས་མེད། ད་ལྟའི་ཆར་ཡང་དཔལ་འབྱོར་ཆེན་པོ་ཡོད་མདོག་དང་ས་ཁང་མང་པོ་ཡོད་ཅེས་སྤྱི་ཚོགས་ནང་འུར་སྒྲོག་བྱེད་བཞིན་ཡོད་ཀྱང་། དེས་མ་འོངས་པར་སུ་ལ་ཕན་ཐོགས་མིན་ནི་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་པ་ཞིག་རེད། དེ་བཞིན་སྤྱི་ཚོགས་ནང་མཐོང་རྒྱུ་མེད་ཀྱང་ཆུ་སྒང་དབུས་རྒྱུན་ཟེར་བའི་མིང་ཐོག་ནས་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ ཞིག་བཏོན་ཡོད་ཚུལ་གསར་འགྱུར་སོགས་སུ་གསལ་འདུག སུ་དང་སུ་ཡིན་མིན་མི་ཤེས་ཀྱང་། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་རྙོག་གྲྭ་སློང་མཁན་གཙོ་བོ་རྣམས་ཡིན་ངེས་པ་རེད། ཚོགས་གཙོ་དང་ཚོགས་གཞོན་སོགས་དབུས་རྒྱུན་རྣམས་རྒྱ་གར་གྱི་ས་གནས་གང་སར་འོས་ཤོག་ཁྱབ་བསྒྲགས་བྱེད་དུ་འགྲོ་བཞིན་ཡོད་ཚུལ་འདུག གསལ་པོ་མི་ཤེས་ཀྱང་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ པོ་འདི་དག་ལའང་ཆུ་སྒང་སྒྲིག་འཛུགས་ཀྱི་ངོས་ནས་ཆ་རྐྱེན་ཞིག་བཏོན་ཡོད་ཚུལ་འདུག དེ་ག་རེ་ཡིན་མིན་མི་ཤེས་ཀྱང་དམིགས་ཡུལ་བཟང་པོ་ཞིག་གི་ཐོག་ནས་བཏོན་མེད་པ་ཧ་ཅང་གསལ་པོ་རེད་སྙམ།

 

རེས་གཟའ་པ་སངས་ཉིན་དབུས་གཙང་ཆོལ་ཁའི་དབུས་རྒྱུན་ལས་ཟེར་བའི་མིང་ཐོག་ནས་བཀའ་བློན་ཁྲི་པའི་འོས་གཞི་གཅིག་དང། སྤྱི་འཐུས་ཀྱི་འོས་གཞི་༢༠ བཏོན་འདུག དེ་ཡང་ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་ཞེས་ཆ་རྐྱེན་གཉིས་བཏོན་ཡོད་པ་རེད། གནད་དོན་འདིའི་ཐོག་ནས་གང་ཞིག་ར་སྤྲོད་བྱས་པ་རེད་ཅེས་བརྗོད་ན། དུས་རྒྱུན་དབུས་གཙང་པ་ལ་མཚོན་ན་ཆོལ་ཁའི་ཞེན་གོག་མེད། བོད་པ་སྤྱི་ཡོངས་ལ་བསམ་བློ་གཏོང་གི་ཡོད་ཅེས་བརྗོད་བཞིན་ཡོད་ལ། བཙན་བྱོལ་ནང་དུ་དབུས་གཙང་པ་ཚོ་མི་འབོར་མང་ཤོས་ཡིན་པས་བཀའ་བློན་ཁྲི་པ་སུ་ཞིག་འདེམས་དགོས་པ་དབུས་གཙང་མི་མང་གི་ལག་པར་ཡོད་ཀྱང། བཀའ་བློན་ཁྲི་པར་སྐབས་གཉིས་ལ་ཟམ་གདོང་རིན་པོ་ཆེ་བདམ་པ་དེ་དབུས་གཙང་མི་མང་གི་ཆོལ་ཁའི་ཞེན་ཁོག་བྱེད་ཀྱི་མེད་པའི་དཔང་རྟགས་རེད་ཅེས་སྤོབས་པས་ཐོག་ནས་བགྲང་ཆོག་ཆོག་ཡོད་ཀྱང་། ད་ལན་ཡང་དབུས་གཙང་ཆོལ་ཁའི་ངོས་ནས་བཀའ་ཁྲིའི་འོས་གཞི་འདོན་སྟངས་ལ་སྐབས་འདིར་གླེང་སློང་གང་ཡང་བྱེད་རྒྱུ་མིན། འོན་ཀྱང་སྤྱི་འཐུས་ཀྱི་འོས་གཞི་འདོན་སྟངས་ཐོག་ལ་བསམ་ཚུལ་ཁ་ཤས་ཤིག་རང་གིས་གོ་ཐོས་བྱུང་བ་ཁག་ཅིག་མ་བཤད་ཐབས་མེད་ཆགས་སོང།

༡༽ ཨང་པོ་དབུས་གཙང་དབུས་རྒྱུན་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་མོ་རང་རེད་འདུག དེ་མི་འགྲིག་པ་མེད་པར་རང་ཉིད་ཀྱིས་དབུ་ཁྲིད་པའི་སྒྲིག་འཛུགས་དེའི་འོས་གཞིའི་ནང་རང་ཉིད་ཨང་དང་པོ་བཞག་པ་རེད། དེ་ལ་བསམ་ཚུལ་དམིགས་བསལ་གང་ཡང་མེད། རང་ཉིད་ལ་གོ་སྐབས་ཡོད་དུས་དམ་འཛིན་དགོས་པ་གལ་ཆེན་པོ་རེད། དེ་ལ་སུས་རྩོད་པ་རྒྱག་ཕོད།

༢༽ དབུས་གཙང་ཆོལ་ཁའི་སྒྲིག་འཛུགས་ཀྱི་ངོས་ནས་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ ནང་གི་འོས་མི་ཨང་གཉིས་པ་སྤྱི་རྒྱུ་སྒེར་བདག་དང། བོད་གཞུང་ས་གནས་གཞུང་གི་ཁྲིམས་ཁང་དུ་སྐྱེལ་མཁན་ཡོངས་གླིང་ཟླ་བ་ཚེ་རིང་རེད། ཁོས་ལོ་སྔོན་མའི་གྲོས་ཚོགས་ནང་གྲོས་ཆོད་འདོན་མཁན་དང། རྒྱབ་སྐྱོར་བྱེད་མཁན། དགག་པ་རྒྱག་མཁན་བཅས་ཀྱིས་བསམ་ཚུལ་བཤད་ཟིན་པ་དང། ཡིག་ཆ་དེ་གྲོས་ཚོགས་སུ་ཚུད་ཟིན་པའི་རྗེས་སུ་བགྲོ་གླེང་བྱེད་མཁན་དང་པོ་ཡོངས་གླིང་ཟླ་བ་ཚེ་རིང་རེད། ཁོས་གྲོས་ཆོད་དེའི་ངོ་གདོང་དང་རྒྱབ་ལྗོངས་ཀྱི་གནས་ཚུལ་གང་དང་ཡང་འབྲེལ་བའི་ཐོག་ནས་འགྲེལ་བཤད་ཚིག་གཅིག་མ་བརྒྱབ་པ་མ་ཟད། ཐ་ན་གྲོས་ཆོད་དེ་ལ་རྒྱབ་སྐྱོར་ཡོད་མེད་ཙམ་ཡང་མ་གླེང་བར་ཕུ་དུང་གཡས་བརྫེས་གཡོན་བརྫེས་ཀྱིས་དབུས་གཙང་ཆོལ་ཁ་ངའི་རྒྱབ་ཏུ་ཡོད་མདོག་མདོག་དང་རྒྱ་གར་གཞུང་གི་ཁྲིམས་ཁང་ཁོ་རང་གིས་ཉོས་བཞག་ཡོད་པ་ལྟ་བུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་། སྤྱི་འཐུས་ནང་ཁུལ་ལ་སྐྱོན་འཛུགས་དང་དཔའ་ངོམ་དཔུང་ངོམ་གྱིས་ཆོལ་ཁའི་ཞེན་གོག་བཤད་སོང་ལ། དེ་ལ་བརྟེན་ནས་གྲོས་ཚོགས་ནང་ཚ་ཚ་འུར་འུར་ཞིག་ཏུ་ཆགས་པ་རེད། བགྲོ་གླེང་གི་ཁ་ཕྱོགས་ཀྱང་ཁོས་མགོ་བཙུགས་ནས་གཞན་ཞིག་ཏུ་བསྒྱུར་སོངམཐའ་མ་བློ་ཕམ་གྱི་གནས་ཚུལ་ཞིག་གྱུར་སོང་བ་དེ་ཚང་མས་ཤེས་གསལ་རེད། དངོས་གནས་ཁོ་མི་ཐ་ཆད་རེད། འོན་ཀྱང་མདོ་སྟོད་ཆུ་སྒང་དང་དེའི་ཕྱོགས་གཏོགས་རྣམས་ལ་གདོང་ལ་བུད་ནས་ཁ་གཏད་གཅོག་བཞིན་ཡོད་སྟབས་དབུས་གཙང་དབུས་རྒྱུན་གྱི་ངོས་ནས་ཁོང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞི་ཨང་གཉིས་པར་བཞག་པ་རེད། འདི་དངོས་གནས་བློ་ཕམ་གྱི་རང་བཞིན་རེད།

༽ གཉིས་པ་ཟླ་བ་ཕུན་སྐྱིད་ལ་མཚོན་ན་མི་བཟང་ངན་གྱི་སྐད་ཆ་དང་ནོར་འཁྲུལ་བྱས་པའི་སྐད་ཆ་གང་ཡང་བཤད་རྒྱུ་མེད་ཀྱངསྐབས་འདིར་ཁོ་དབུས་གཙང་ཆོལ་ཁའི་མིང་ཐོག་ནས་བཏོན་པའི་འོས་གཞིའི་ནང་ཨང་༣ པར་ཇི་ལྟར་བཞག་པའི་རྒྱབ་ལྗོངས་ཀྱི་འགྲེལ་བཤད་ཁག་ཅིག་རྒྱག་འདོད་བྱུང་། སྐབས་བཅུ་བཞི་པའི་འོས་ཤོག་བླུག་པའི་སྐབས་ཁོ་སྤྱི་འཐུས་ཨང་༩ པ་རེད། རྒྱུ་མཚན་ཀརྨ་ཆོས་འཕེལ་དང་འཆམ་པོ་ཡོད་ཚུལ་དང་དེ་བརྒྱུད་ནས་མདོ་སྟོད་ཀྱི་ཕྱོགས་གཏོགས་རྣམས་དང་ཉེ་བོ་མེད་དམ་བསམ་པ་ཞིག་གི་ཐོག་ནས་དབུས་གཙང་དབུས་རྒྱུན་གྱི་ངོས་ནས་ཁོ་མི་སླེབས་པའི་ཐབས་ཤེས་གང་མང་བྱས་པའི་ལོ་རྒྱུས་ཡོད་པ་རེད། དེ་ལ་བརྟེན་ནས་ཁོས་སྐབས་བཅུ་བཞི་པའི་ནང་དུ་གནད་དོན་དེ་གཙང་སེལ་བྱེད་ཆེད་དུ་སྐད་ཆ་གལ་ཆེན་པོ་གཉིས་བཤད་པའི་ལོ་རྒྱུས་ཡོད་ཚུལ་གནད་ཡོད་མི་སྣ་ཞིག་གིས་བརྗོད་སོང་ལ། རྗེས་སུ་གྲོས་ཚོགས་ལས་རིམ་གསར་ཤོག་སོགས་ལ་ཞིབ་སྐབས་ཀྱང་བདེན་པ་རེད་འདུག དང་པོཆུ་སྒང་ལྔ་བཅུའི་དུས་དྲན་སྐབས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམས་སྐུ་མགྲོན་དུ་ཕེབས་པ་དེ་གང་མིན་ཚད་རེད་ཅེས་བཤད་པ་རེད། དོན་དངོས་ཁོས་དེ་ལྟར་བསམ་ཡོད་མེད་མི་ཤེས་ཀྱང། གནད་དོན་གཙོ་བོ་མདོ་སྟོད་ཆུ་སྒང་གི་སྒྲིག་འཛུགས་ལ་སྡང་པོ་ཡོད་མདོག་བྱས་ན་དབུས་གཙང་པ་ཚོའི་རྒྱབ་སྐྱོར་འཐོབ་ཐབས་བྱས་པ་རེད། གཉིས་པཉེ་བའི་ཆར་༧གོང་ས་མཆོག་གི་གསུང་འཕྲིན་ལ་ཉན་ཞིབ་སྐབས་ཁོས་བཀའ་ཟུར་དེ་ཚོས་སྔོན་མ་ཞབས་སྟེགས་སྟེང་དུ་ཡོད་དུས་སྐད་ཆ་གཅིག་བཤད། ཟུར་པ་ཆགས་དུས་སྐད་ཆ་གཅིག་བཤད་ནས་སྤྱི་ཚོགས་ནང་འཁྲུག་ཐེབས་ཀྱི་ཡོད་ཚུལ་བཤད་པ་དེ་བཀའ་ཟུར་སྤྱི་ཡོངས་ལ་བཤད་པའི་སྐད་ཆ་ཡིན་ནའང། དོན་དམ་དུ་དམིགས་ས་གཙོ་བོ་འཇུ་ཆེན་ཐུབ་བསྟན་རེད། སྐབས་དེར་ཉན་ཞིབ་བྱེད་དགོས་དོན་ཡང་གཙོ་བོ་གཅིག་འཇུ་ཆེན་ཐུབ་བསྟན་གྱི་སྐད་ཆ་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་འདུག་པས་ཁོས་བཤད་པ་དེ་ཡང་ཐད་ཀར་འཇུ་ཆེན་ཐུབ་བསྟན་པ་བཤད་པ་རེད། གནད་དོན་དེའི་ཐོག་ནས་ཟླ་བ་ཕུན་སྐྱིད་འཇུ་ཆེན་ཐུབ་བསྟན་ལ་སེམས་གཏིང་ནས་མི་དགའ་བ་ཡིན་མིན་མི་ཤེས་ཀྱང། དོན་དམ་འཇུ་ཆེན་ལ་ཁ་བཏང་ན་དབུས་གཙང་མི་མང་གིས་ཁོ་ལ་རྒྱབ་སྐྱོར་ཐོབ་ཐུབ་ཀྱི་ཡོད་པ་ཞིག་ལ་ངོས་འཛིན་བྱས་ནས་བཤད་པ་རེད་ལ། དེ་ལ་བརྟེན་ནས་ཁོ་དབུས་གཙང་སྤྱི་འཐུས་ཀྱི་འོས་གཞི་ཨང་གསུམ་པར་འགོད་ཐུབ་པ་བྱུང་བ་རེད།

ཨོ་རྒྱན་བསྟན་འཛིན་ཟེར་བའི་སྤྱི་ཟུར་དེ་ཨང་བཞི་པར་བཞག་འདུག ཁོ་ད་ལྟ་བོད་ཀྱི་འགྲོ་བ་མིའི་ཐོང་ཐང་གི་འགན་འཛིན་གྱི་མིང་ཁུར་མཁན་དེ་རེད། དེ་ལྟར་སླེབས་པ་དེ་ཡང་རྒྱ་རི་སྒྲོལ་མ་སོགས་དང་ལྐོག་འབྲེལ་གྱིས་ཐོག་ནས་བསྐོས་པ་རེད། ཁོ་ལ་བོད་དབྱིན་གཉིས་ཀྱི་ཐོག་ནས་ཞིབ་འཇུག་བྱེད་ཐུབ་པའི་ཤེས་ཚད་མེད་པ་མ་ཟད། འཛིན་སྐྱོང་གཅིག་པུའི་ཐོག་ནས་ཀྱང་ཡར་རྒྱས་མེད་ཀྱང་འཐུས་ཤོར་མེད་པ་ཞིག་བཟོ་མ་ཐུབ་པར་རླངས་འཁོར་ཞིག་ལོ་ཤས་སྔོན་ཉོས་ནས། ད་ལོ་བཙོང་དགོས་ཐུག་པ་རེད། དེ་ཡང་ཕྱོགས་གཅིག་ནས་འགྲོ་སོང་གིས་ཨར་མ་རྟེན་པར་བྱས་པ་ཞིག་ཡིན་ཚུལ་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ཞེས་ཞིབ་འཇུག་གི་སྒྲིག་འཛུགས་གལ་ཆེན་པོ་ཞིག་སྲིད་དོན་པ་ཞིག་གི་ལག་ཏུ་བཞག་ནས་ཁོ་རང་སྤྱི་འཐུས་ཀྱི་འོས་ཤོག་འཐོབ་ཆེད་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱེད་མཁན་ཞིག་རེད། དཔེར་ན་རྟག་པར་ཟབ་སྦྱོང་མ་སྦྱོང་ཡིན་ན་ཅིག་སྤྲོད་ཀྱི་ཡོད་ཅེས། དབུས་གཙང་གི་མི་འབོར་གང་དུ་མང་ཡང་དེར་འགྲོ་བཞིན་ཡོད་པ་རེད། ད་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་སྟངས་ཧ་ཅང་སྡུག་ཏུ་ཕྱིན་ཡོད་པའི་གནས་ཚུལ་ཡོད་པ་རེད། ཁོ་ལྟ་བུ་ཞིག་ལ་མཚོན་ན་ཤེས་འཇོན་གང་ཐད་ནས་མེད་ཀྱང་ཟླ་བ་ཚེ་རིང་སོགས་དང་ལག་སྦྲེལ་གྱིས་མདོ་སྟོད་ཕྱོགས་གཏོགས་དང་བཅས་པར་མི་དགའ་མཁན་ཞིག་ཡིན་པ་ཁོ་ནར་བརྟེན་ནས་ཨང་བཞི་པར་བཞག་པ་རེད།

༥༽ ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ནང་མདོ་སྟོད་ཀྱི་ཕྱོགས་གཏོགས་རྣམས་ཀྱིས་བཤད་སྟངས་དང་གཅིག་པ་བཤད་པ་མ་ཟད། དེ་ལས་ཀྱང་ཅུང་ངར་བའི་བཟོ་ལྟ་བསྟན་པར་བརྟེན། ད་ལྟའི་ཆར་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་གཞི་མི་༢༠ ནང་དུ་གཏན་ནས་བཞག་མེད་པ་རེད།

༽ པདྨ་འབྱུང་གནས་སྔོན་མ་ཡིན་ན་ས་སྐྱ་ཆོས་བརྒྱུད་ཁོ་ནའི་སྤྱི་འཐུས་རྐྱང་པ་བྱས་ནས་ཡོང་བ་ཞིག་ཡིན་ཡང། ད་ལོ་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་ཁོངས་སུ་ཡོད་བཞག་ཡོད་པ་རེད། རྒྱུ་མཚན་ནི་ཚོགས་དུས་བརྒྱད་པའི་རྩོད་རྙོག་ནང་དབུས་གཙང་ སྤྱི་འཐུས་པདྨ་དང་བདེ་ཆེན་དང། དབུས་གཙང་ སྤྱི་འཐུས་ཀརྨ་རྒྱ་མཚོ་ཞེས་སྐད་ཆེན་པོ་དང་གདངས་རིང་པོ་འཐེན་ནས། ང་ཚོ་དབུས་གཙང་སྤྱི་འཐུས་ལ་ཐོབ་ཐང་དེ་མ་རག་ཙང་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲད་པ་དེ་མི་འགྲིག་ཚུལ་ཚུལ་རྩོད་གླེང་ཤུགས་ཆེ་ཤོས་བྱེད་མཁན་ཡིན་པས་དེའི་ངོ་སོ་ལ་བརྟེན་ནས་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་གཞིར་བཏོན་པ་རེད།

༽ སྤྱི་འཐུས་རྙིང་པ་རྣམས་ཀྱི་ནང་ནས་ཨང་རིམ་དམའ་ཤོས་ངག་དབང་ལྷ་མོ་ཡིན་པ་དང། སྐབས་བཅུ་བཞི་པའི་སྐབས་སུ་མཐོ་ཤོས་ཨང་གསུམ་པ་རེད། ད་ལྟ་དམའ་ཤོས་ཀྱི་གྲས་སུ་བཀོད་པ་དེ་ལ་རྒྱུ་མཚན་གཅིག་ལས་ཡོད་པ་མ་རེད། ཚོགས་དུས་བརྒྱད་པའི་སྐབས་ངག་དབང་ལྷ་མོས་ཡིག་ཆང་ཨང་༣༨ ལ་ས་ཡིག་བརྒྱབ་ཡོད་པ་རེད། མོ་རང་གི་ངོས་ནས་དེ་ལྟར་བྱས་ན་དབུས་གཙང་མི་མང་གི་རྒྱབ་སྐྱོར་རག་ཐུབ་པར་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟའི་དབུས་གཙང་ཚོགས་གཙོ་སྒྲོལ་མ་ཚེ་རིང་དང་ཁོང་གཉིས་རྒྱུ་མཚན་ག་རེ་ཡིན་མི་ཤེས་ཀྱང་གཏན་ནས་མི་འཆམ་པས་ཁོང་འོས་གཞིའི་ནང་ཨང་གྲངས་དམའ་ཤོས་ཀྱི་གྲས་སུ་བཏང་བ་རེད།

༦༽ ཚེ་རིང་སྒྲོལ་མས་ཡིག་ཆ་ཨང་༣༨ པར་རྒྱབ་སྐྱོར་དང་སྐད་ཆ་མང་པོ་ཞིག་ངར་ངར་ཤོར་ཤོར་གྱིས་བཤད་ཁུལ་བྱས་ཀྱང། མོ་དང་ངག་དབང་ལྷ་མོ་གཉིས་འཆམ་པོ་ཡོད་སྟབས། ཕོ་རོག་ནག་པོའི་སྡིག་སྒྲིབ་ཀྱིས་ངང་པ་སེར་པོ་འདམ་ལ་ཚུད་ཟེར་བའི་དཔེ་བཞིན། དབུས་གཙང་དབུས་རྒྱུན་ཚོགས་གཙོ་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས་བསམ་ངན་བྱས་ནས་འོས་གཞི་ཨང་དམའ་ཤོས་ཀྱི་གྲས་སུ་བཞག་པ་ཚོད་དཔག་བྱེད་ཐུབ།

གཞན་ཆ་རྐྱེན་གཉིས་ཀྱི་སྐོར་ལ་བསམ་ཚུལ་ཁག་ཅིག་བརྗོད་རྒྱུ་ཡིན།ཆོལ་ཁར་ཤ་ཚ་ཞེན་ཁོག་ལྡན་པ་དང། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ཤར་བསྐྱོད་བྱེད་རྒྱུར་ངོས་ལེན་དགོས་སྤྱིར་མང་གཙོའི་འགྲོ་སྟངས་ཀྱི་ཐོག་ནས་གྲོས་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་མི་གཅིག་པ་ཁུར་མི་ཆོག་པ་མེད་ཀྱང། ང་ཚོའི་མང་གཙོའི་ནང་རང་བཙན་གྱི་ལྟ་གྲུབ་ཁུར་མཁན་སླེབས་མི་ཆོག་པ་དབུ་ལ་བཞུགས་འགན་མང་པོ་ཞིག་གི་དགོངས་བཞེས་སྟངས་རེད། དེར་བརྟེན་ད་ལྟའི་ཆར་ལངས་ཕྱོགས་མི་འདྲ་བ་ཞིག་ཁུར་ཡང་ནུས་པ་འདོན་ཐུབ་པའི་ཁོར་ཡུག་གཏན་ནས་མེད་པས་དབུས་གཙང་དབུས་རྒྱུན་གྱིས་གོང་རིམ་ལ་སྤྲེལ་ལད་འཁྲབ་བྱེད་ཀྱི་ལག་ཆ་ཞིག་ཏུ་དབུ་མའི་ལམ་དུ་ཤར་བསྐྱོད་དགོས་ཚུལ་བརྗོད་པ་དེ་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ནས་དང་། ང་ཚོའི་མང་གཙོའི་སྤུས་ཚད་ཀྱི་ཐོག་ནས་བལྟས་ནས་བརྗོད་མི་སྲིད་པ་ཞིག་གང་ཡང་མ་རེད། སྤྱི་ཡོངས་ཀྱི་འགྲོ་སྟངས་ཐོག་ནས་ཧ་ལས་དགོས་པ་ཞིག་མ་རེད། ཨམ་མཆོག་ཏུ་གོམས་ཟིན་པའི་སྐད་ཆ་ཞིག་རེད། ཡིན་ནའང་གཞོན་ནུའི་རྒྱུན་ཟུར་རྣམས་ཀྱིས་ཆ་རྐྱེན་དེ་དག་ཁས་ལེན་བྱས་པ་ནི། ཡིད་ཆེས་བློ་གཏད་བྱེད་ཆོག་པའི་ལངས་ཕྱོགས་གང་ཡང་མེད་པ་གསལ་སྟོན་བྱས་པ་རེད། དངོས་གནས་ཡིག་ཐོག་ནས་ཁས་ལེན་བྱས་ཡོད་ན་ཞབས་འདྲེན་རེད། ལྷག་པར་དུ་དབུས་གཙང་ཆོལ་ཁར་ཞེན་གོག་ཡོད་དགོས་ཞེས་ཁས་ལེན་བྱེད་བཅུག་པ་དེ་དངོས་གནས་བློ་ཕམ་གྱི་རང་བཞིན་ཞིག་རེད། ཞེན་གོག་ནི་ཞེན་གོག་རང་རེད། དེ་ལ་ཡག་ཉེས་ཀྱི་སྐད་ཆ་གང་ཡང་མེད། ཞེན་པ་གོག་པོ་ཞེས་པ་དེ། གླང་གོག་དང། ཁྱི་གོག སྤྲང་གོག ཞེན་གོག་སོགས་མིང་གང་གི་མཐའ་རུ་གོག་ཅེས་པ་དེ་ཡོད་ཀྱང་སྡུག་ཕྱོགས་སུ་གོ་བ་རེད། དེའི་སྐོར་དྲ་རྒྱ་འདིའི་ནང་དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཀྱི་འོས་གཞིའི་སྐོར་གྱི་གསར་འགྱུར་གྱི་མཇུག་ཏུ་མཆན་གཅིག་བཀོད་འདུག་པ་དེའི་ནང་དུ་བྲིས་འདུག་པ་ལྟར་ལགས།

མི་ཁག་ཅིག་དང་ལྷག་པར་དུ་དབུས་གཙང་ཆོལ་ཁའི་ངོས་ནས་ཆོལ་ཁའི་ཞེན་གོག་བྱེད་ཀྱི་མེད་ཚུལ་བརྗོད་བཞིན་ཡོད་མོད། དོན་དངོས་དེ་ལྟར་མ་ཡིན་པར་བློ་གྲོད་པར་བཀལ་གྲོད་པས་ཆུ་གློད་ཅེས་པབཞིན། དབུས་གཙང་ཆོལ་ཁའི་དབུས་རྒྱུན་གྱི་ངོས་ནས་ཡུན་རིང་ས་འོག་དར་ཐག་གི་ཚུལ་དུ་གབ་སྦས་བྱས་པའི་ཕྱོགས་ཞེན་དེ་ད་ལོ་དངོས་སུ་ཁྲོམ་བསྒྲགས་བྱས་པ་རེད། འདི་ནི་ཕྱོགས་གང་ལ་བལྟས་ཀྱང་བཀྲ་མི་ཤིས་པ་ཞིག་ལས་ལེགས་པའི་གནས་ཚུལ་ཞིག་གཏན་ནས་མ་རེད། ལྷག་པར་དུ་ཆོལ་ཁ་ལ་ཞེན་གོག་བྱེད་དགོས་ན་སྤྱི་མི་ཚད་དང་ལྡན་པ་ཞིག་ཡོང་ཐབས་གཏན་ནས་མེད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འགལ་ཡོད་པ་རེད།

མདོ་སྟོད་ཀྱི་ཆུ་སྒང་གི་མིང་ཐོག་ནས་འདི་དང་འདྲ་བའི་ཞེན་གོག་གི་རྨང་གཞི་བྱས་ནས་སྤྱི་འཐུས་ཀྱི་འོས་གཞི་ཞིག་བདམ་ཡོད་ངེས་པས་མ་འོངས་པར་ཡང་གྲོས་ཚོགས་ནང་ཞེན་གོག་དང་འཐེན་འཁྱེར་རྐྱང་པ་ལས་གནས་སྟངས་ཡག་པོ་ཞིག་ཡོང་རྒྱུའི་རེ་བ་གཏན་ནས་མི་འདུག སྔོན་མ་ཡིན་ན་ད་ལོའི་གྲོས་ཚོགས་ཀྱི་གནས་སྟངས་དེ་མི་མང་ལ་གསལ་པོ་ཆགས་ཡོད་ཙང། འགྲོ་སྟངས་ལྟར་ན་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ནང་གནས་ཚུལ་ལྷགས་པའི་སྐབས་འཐེན་ཁྱེར་བྱེད་མཁན་གཙོ་བོ་རྣམས་སྤྱི་འཐུས་ཀྱི་རྐུབ་སྟེགས་ལས་ཕབ་དགོས་པ་མི་མང་གི་འོས་འགན་རེད། འོན་ཀྱང་ཆོལ་ཁ་སོ་སོའི་སྒྲིག་འཛུགས་ཀྱི་ངོས་ནས་ཁོང་ཚོའི་རྐུབ་སྟེགས་མཐོ་རུ་གཏོང་རྒྱུའི་གྲ་སྒྲིག་བྱས་འདུག མི་མང་ཡང་དེའི་རྗེས་སུ་ཞུགས་ནས་གོ་ལོག་བརྩེས་པ་ཡིན་ན། བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཚར་བ་རེད། སེམས་གཏམ་ཁག་ཅིག་ངག་ནས་ཤོར་བ་མ་བཅོས་པར་ཐད་ཀར་བྲིས་པ་ཡིན།