བཀའ་ཁྲི་འཚོལ་བ་ཞེས་པའི་བགྲོ་གླེང་དངོས་སུ་དབུ་འཛུགས་རྒྱུ་ཡིན།
༼༡༽ འདས་མ་ད་གསུམ་ལ་ཕྱོགས་ནས་བཀའ་ཁྲིའི་གལ་གནད་གླེང་བ།
དེ་ཡང་འཛམ་གླིང་གི་མཐོ་ས་ཞིག་ལ་གནས་བཅས་པའི་མི་རིགས་འདིར། ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་ཞིང།ཡུལ་སྡེའི་དབང་འཛིན་པ་དང་སྣེ་ཁྲིད་ཀྱི་བདག་པོ་གནམ་ནས་ཉི་མ་ཤར་འདྲ། ས་ནས་རི་བོ་འགྱིང་འདྲའི་རྒྱལ་བློན་རིམ་པ་ཕེབས་ཏེ། སྟོང་ལོ་འགའི་ལོ་རྒྱུས་ཐང་ལ་བཀྲ་ཡོད་པ་ནི་གསུབ་ཏུ་མེད་པ་ཞིག་རེད་ལ། རང་མགོ་བཏེགས་ཆེད་བོད་ཆུས་བརྫིས་ནས་གསོ་དཀའ་བའི་གནས་ལ་བསྐྱལ་བའང་བརྗེད་དུ་མེད་པ་ཞིག་རེད།
འོན་ཀྱང་ང་ཚོས་འདས་པས་ད་ལྟའི་ཚབ་བྱེད་མི་ཐུབ་པའི་གདམ་ངག་དང་། འགྱོད་པ་ལས་ཀྱི་མཐའ་མའི་གཏན་ཚིགས་འདྲེན་ཏེ། ད་ལྟའི་ང་ཚོ་གང་འདྲས་བསྡད་ཡོད་པའི་ཕྱོགས་ལ་ཚུར་བསམས་ནས། སང་ཉིན་གྱི་ཆེད་དུ་དེ་རིང་ངེས་པར་དུ་ཅི་ཞིག་བྱ་དགོས་པའི་གནད་ལ་གཟབ་དགོས།།
ད་ལྟའི་ང་ཚོ་མི་ཡུལ་དུ་འཁྱར་བ་དང་། བཙན་འོག་ནས་མྱོང་བཞིན་པའི་མིག་ཆུའི་ལོ་ཟླའི་ནང་ལྷག་ཡོད།
ང་ཚོས་དགྲ་ལ་སློང་དགོས་པའི་ལོ་ཟླའི་ནང་། ང་ཚོས་ཅི་ཞིག་གླེང་བཞིན་པའི་ད་ལྟ་རང། སྤུན་ཟླ་ཚོ་གཅིག་ཁ་ཧྲལ་བ། མིག་འབྲུ་བ། གྲོད་ཁོག་གཤག་པ་སོགས་ཀྱི་མནར་གཅོད་འོག་མྱོང་བཞིན་ཡོད་ལ། ཚོ་གཅིག་གྲོད་ཁོག་ལྟོགས་པ། རྒྱབ་འཁྱག་པ། སྡོད་གནས་མེད་པ་སོགས་ཀྱི་དཀའ་སྡུག་འོག་མྱོང་བཞིན་ཡོད།
ད་དུང་དཀའ་སྡུག་མང་པོ་ཞིག་མེ་སྟག་མཆེད་པ་ལྟར་ང་ཚོའི་མདུན་དུ་ཡོང་བཞིན་བ་ནི། ཡིད་སྐྱོ་བའི་༧གོང་ས་མཆོག་མ་བཞུགས་པའི་ལོ་ཟླ་ནག་པོ། རོགས་མེད་མཐོང་མེད་ཀྱི་ཁྱད་གསོད་དམར་པོ། གཞིས་བྱེས་ཀྱི་ལྟ་སྤྱོད་འགྱུར་ལྡོག གསར་འབྱོར་དང་གཞིས་ཆགས་གྱེས་བྲལ། ཆོལ་གསུམ་དང་ཆོས་ལུགས་ཕྱོགས་ཁག ཆོས་རིག་གི་ཉམས་གོད་ངན་པ། དགྲ་གཞུང་དང་བོད་ཀྱི་རྩ་དོན་རྩོད་རྒྱུ།
སྐྱབས་བཅོལ་དང་བཙན་གནོན་གྱི་སྡུག་གྱོང་སོགས་རེད།
དེ་དག་ངེས་པར་དུ་སེལ་དགོས་ན་བཀའ་བློན་ཁྲི་བ་ཚད་ལྡན་ཞིག་གདམ་ཐུབ་དགོས་རྒྱུ་ནི། རྣག་ཐོག་གཙག་ཁེལ་རང་ཡིན།
༼༢༽ མེད་དུ་མི་རུང་བའི་བཀའ་ཁྲིའི་འོས་ཆོས་དང་དུས་ཚོད་ངོ་སྤྲོད་པ།
དེའང་བཅའ་ཁྲིམས་རིན་པོའི་ནང་བཀའ་ཁྲིའི་འོས་ཆོས་ནི། ༡་བོད་ཀྱི་ཡུལ་མི་ཡིན་པ། ༢་རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ། ༣་ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ། ༤་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ། ༥་ཁྲིམས་ཁང་ནང་ནག་ཉེས་ར་འ༷ཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིནཔ། ༦་སྤྱི་མཐུས་ལྷན་ཚོགས་ཀྱི་སྤྱི་མཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་བཀའ་བློན་ཁྲི་བའམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ། ༧་ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་བའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ་སོགས་གྲངས་བཅུ་བཞག་ཡོད། བཀའ་ཁྲིའི་ཡུན་ཚད་དེ་ལོ་ལྔ་ཡིན།
བཀའ་བློན་ཁྲི་བའི་སྔོན་འགྲོའི་འོས་བསྡུའི་དུས་ཚེས་ནི་འདི་ལོའི་ཕྱི་ཟླ་༡༠ བའི་ཚེས་ ༣ ཉིན་ཁེལ་ཡོད་ལ། དངོས་གཞི་ཕྱི་ལོ ༢༠༡༡་༣་༢༠་ཉིན་ཁེལ་ཡོད།
༼༣༽ སུ་ཞིག་འདམ་བཞིན་པའི་ཕྱོགས་བཞུགས་ཀྱི་མིང་ཐོ་བཀྲམ་པ།
དེ་ཡང་རྡ་ས་མདོ་སྨད་ས་གནས་ཀྱིས་བཀའ་ཁྲིའི་འོས་གཞིའི་ས་བོན་བཏོན་པ།
༡་སྤེན་པ་ཚེ་རིང། ༢་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ། ༣་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག ༤་རྒྱ་རི་བློ་གྲོས་རྒྱལ་མཚན། ༥་རྗེ་བཙུན་པདྨ། ༦་བློ་བཟང་སེངྒེ། ༧་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༨་བཀའ་ཟུར་ཀིརྟི་སྒྲོལ་དཀར་ལྷ་མོ། ༩་རྒྱ་རི་སྒྲོལ་མ། ༡༠་ཨ་ཀྱ་རིན་པོ་ཆེ། ༡༡་འཇམ་དབྱངས་ནོར་བུ། ༡༢་གསུངས་བསྒྱུར་ཐུབ་བསྟན་སྦྱིན་པ། ༡༣་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། ༡༤་ཐུབ་བསྟན་བསམ་འཕེལ། ༡༥་སྒོ་དྲུག་སྐལ་བཟང། ༡༦་ཧོར་གཙང་འཇིགས་མེད་བཅས་རེད།
༈ བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་ཁྲིའི་འོས་གཞི། ༡་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༢་མཁས་དབང་བློ་བཟང་སེངྒེ་གཉིས་རེད་འདུག
༈ དབུས་གཙང་ཆོལ་ཁས་བཀའ་ཁྲིའི་འོས་གཞི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཅིག་རང་རེད།༈ མངའ་རིས་སྤྱི་འཐུན་ཚོགས་པའི་བཀའ་ཁྲིའི་འོས་གཞི། ༡་བཀའ་དྲུང་མི་འགྱུར་རྡོ་རྗེ། ༢་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༣་རྒྱ་རི་སྒྲོལ་མ། ༤་བློ་བཟང་སེངྒེ། ༥་རྔ་ལ་ཚེ་རྒྱམ་བཅས་རེད་འདུག
༈ ཤམ་བྷ་ལའི་ཕོ་ཉའི་དྲྭ་ཐོག་འོས་བསྡུའི་ནང་་་་་འོས་མཐོ་ཤོས་དེ་མཁས་དབང་བློ་བཟང་སེང་གེ་ལགས་རེད་འདུག
༈ བང་ཆེན་དྲྭ་རྒྱའི་དྲྭ་ཐོག་འོས་བསྡུའི་ནང་།
བློ་བཟང་སེང་གེ་ལ་འོས་ཤོག་་་༦༡༦།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་འོས་ཤོག་་་་༣༡༢། བཅས་བློ་བཟང་སེང་གེ་ལ་འོས་ཤོག་མང་བ་ཐོབ་འདུག
༈ བཀའ་བློན་ཁྲི་བ་ཞེས་པའི་དྲྭ་རྒྱའི་ཐོག། ༡་བློ་བཟང་སེང་གེ། ༢་རྔ་བ་ཚེ་རྒྱམ། ༣་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༤་བློ་བཟང་སྦྱིན་པ། ༥་བློ་བཟང་སྙན་གྲགས། ༦་ཐུབ་བསྟན་ལུང་རིགས། ༧ཕུར་བུ་རྡོ་རྗེ། ༨་རྗེ་བཙུན་པདྨ། ༩་རིན་ཆེན་མཁའ་འགྲོ ༡༠་བསྟན་པ་ཚེ་རིང། ༡༡་སྤེན་པ་ཚེ་རིང་བཅས་ཡིན་འདུག
སྤྱིར་ན་བཀའ་བློན་ཁྲི་བ་དེ་སྙིང་སྟོབས་དང་ལྷག་བསམ་ལྡན་པ། ཤེས་འཇོན་དང་ཐབས་བྱུས་མཁས་པ་ཞིག་དགོས་པའི་ཐོག
ཡོང་ཁུངས་ཀྱི་ཆ་ནས་ཕོ་མོ་དང་། རྒན་གཞོན། སྐྱ་སེར། བོད་ནང་དུའམ་བཙན་བྱོལ་ནང་སྐྱེས་པ་བཅས་ཀྱི་ཁྱད་པའང་འབྱེད་བཞིན་འདུག
གང་ལྟར་ཡང་དེ་རིང་ནི་ཁྱེད་ཀྱང་འདིར་ཕེབས་ཤིང་ངའང་འདིར་འཛོམས་ནས། དཔེར་ན། བློན་པོ་མགར་གྱི་རྣམ་དཔྱོད་དང། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཐབས་བྱུས་ལྟ་བུ་ལྡན་མཁན་གྱི་བཀའ་ཁྲི་ཞིག་ང་ཚོས་གདམ་ཐུབ་དགོས།
འདི་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཡིན་ལ། འདི་ནི་མི་རིགས་ལ་འཁྲི་བའི་འགན་ཁུར་ཡིན།