ཐེངས་རྗེས་མའི་བཀའ་བློན།

དང་པོ། ང་ཚོ་མི་རབས་གསར་པས་གོམ་པ་སྤོ་དགོས།

ང་ཚོའི་རྒན་རབས་པ་ཚོས་ད་བར་གཡས་ཕྱོགས་གཡོན་ཕྱོགས་བྱེད་ནས་མི་ལོ་ལྔ་བཅུ་སྟོང་ཟད་དུ་བཏང་ཡོད་རེད་ཅེས་བཤད་ན་ཆེ་ས་ནས་མི་འགྲིག་པ་གང་ཡང་མེད། སྤྱི་རྒན་རབས་པ་ཚོར་ཁག་ག་ལ་ཡོད་ཁོ་ཚོ་ལ་དེང་རབས་ཀྱི་སློབ་སྦྱོང་དང་དེང་རབས་ཀྱི་ཆབ་སྲིད་འགྲོ་སྟངས་མི་ཤེས་པས་ཡོད་ཚད་རྙིང་ཞེན་དང་སྙིང་སྟོབས་ལས་སྒྲུབ་དགོས་སྟབས་གྲུབ་འབྲས་ཀྱང་དེ་དང་ཕྱོགས་མཐུན་ཞིག་ཡིན་པ་ང་ཚོས་མཐོང་བཞིན་པ་དེ་རེད། ཅི་འདྲ་བ་ཡི་ལས་བྱེད་པ། །འབྲས་བུ་དེ་འདྲ་ཉིད་དུ་འབྱུང་། །

རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེའི་དགུང་ལོ་ལ་ཚོད་དཔག་ནས་འབྱུང་འགྱུར་གྱི་ཆབ་སྲིད་ལ་བསམ་བློ་གཏོང་བཞིན་ཡོད་པར་ཆབ་སྲིད་པ་དང་ཤེས་ཡོན་ཅན་མང་པོ་ཞིག་གིས་དགོངས་ཚུལ་ཡིན་ན། དེ་ལ་ང་ཚོ་ངེས་པར་དུ་ཐེངས་རྗེས་མའི་བཀའ་བློན་དེ་གཞོན་སྐྱེས་ཤེས་ཡོན་ཅན་གཅིག་ལངས་ནས་བོད་དོན་དང་བོད་མི་རིགས་ཀྱི་སྙིང་སྟོབས་དེ་གཅིག་ལག་གཅིག་གིས་སྤྲད་ཐུབ་པའི་ལེན་འདེབས་གསལ་པོ་ཞིག་གནང་ཐུབ་པར་བྱ་དགོས། ད་དུང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་དང་ཚོགས་པ་མི་སྒེར་དེ་དག་ལའང་ད་བར་རྒྱབ་སྐྱོར་བྱེད་པ་ནམ་བཞིན་མ་འོངས་པའང་རྒྱབ་སྐྱོར་བྱ་ན་འགྲིག་ས་རེད་སྣང་བའི་ཚོར་བ་ཞིག་ང་ཚོ་མི་རབས་གསར་པ་ཞིག་གིས་སྤྲད་ཐུབ་པར་བྱ་དགོས། མདོར་ན་ཐེངས་རྗེས་མའི་བཀའ་བློན་ཁྲི་པ་དེ་བོད་ཕྱི་ནང་གཉིས་དང་དགྲ་གྲོགས་ཚང་མས་ལྟ་ས་ཞིག་དང་དཔྱད་པ་བྱེད་ས་ཞིག་ཏུ་འགྱུར་གྱི་ཡོད་ན་ངེས་པར་དུ་གཞོན་སྐྱེས་ཤེས་ཡོན་ཅན་གཅིག་ལངས་ནས་གདིང་འཁེལ་བའི་ལན་འདེབས་གཅིག་བྱ་དགོས། 

 

གཉིས་པ། བཀའ་བློན་ཁྲི་པ་དེ་རྒན་རབས་པ་དེ་ཚོས་ཞེན་ཁོག་གི་དམིགས་གཏན་བཟུང་ས་མིན་པ་ཞིག་དགོས།

ཐེངས་རྗེས་མའི་བཀའ་བློན་ཁྲི་པ་དེ་རྡ་རམ་ས་ལའི་ཆབ་སྲིད་པ་ཚོས་ལག་པ་འཆང་ས་ཞིག་དང་རྩེད་མོ་རྩེད་ས་ཞིག་མིན་པར་ཧ་ཅང་ནས་གལ་ཆེ། རྡ་རམ་ས་ལའི་ཆབ་སྲིད་པ་དེ་ཚོ་བྱེད་སྟངས་དེ་ད་བར་ང་ཚོས་གོ་མྱོང་ལ་མཐོང་མྱོང་། གལ་ཏེ་མཐོང་མ་མྱོང་བ་ཞིག་ཡོད་ན་ལྟོས་དང་སྤྱི་མཐུན་གྲོས་ཚོགས་འཚོགས་པའི་གློག་བརྙན་དང་། ཆོལ་ཁག་གསུམ་གྱི་ཚོགས་པས་གདམས་པའི་ཐེངས་རྗེས་མའི་བཀའ་བློན་ཁྲི་པ་དེ་སུ་དང་སུ་ཡིན་མིན། གདམས་པའི་མི་སྣ་དེ་དག་ལ་ལྟས་ནས་གདམས་མཁན་མི་དེ་ཚོའི་བསམ་བློའི་ཆུ་ཚད་དང་དམིགས་རྒྱང་རིང་འཐུང་ག་འདྲ་ཞིག་ཡོད་མེད་ཤེས་ཐུབ། ངས་ལྟས་ན་བློ་བཟང་སེངྒེ་མ་གཏོགས་ཚང་མ་རྡ་རམ་ས་ལའི་ཆབ་སྲིད་ཀྱི་གོ་རྭ་ཆུང་ཆུང་དེ་ནང་ཚུད་སྡད་པ་ཤ་སྟག་རེད་འདུག ཆོལ་ཁག་གསུམ་གྱི་ཚོགས་པས་ཁྱད་ཆོས་གཅིག་དང་དམིགས་ཡུལ་གཅིག་གི་འོག་ནས་གདམས་པའི་བཀའ་བློན་དང་སྤྱི་མཐུན་དེ་ཚོ། གཅིག་ལས་གཅིག་དགོས་མེད་ཀྱི་ཞེན་ཁོག་ཚ་བ། གཅིག་ལས་གཅིག་ངར་ཤུགས་ཆེ་བ། གཅིག་ལས་གཅིག་བོད་དོན་དང་བོད་མི་རིགས་ལ་ཕུགས་བསམ་མེད་པ། མདོར་ན་ཁྱོད་སྐྱག་པ་ཟ་ན་ངས་རྙོམ་པ་འདག་ཟེར་མཁན་ཟོ་འདྲ་རྐྱང་རྐྱང་ལང་ནས་ད་བར་མི་ལོ་ལྔ་བཅུ་སྟོང་ཟད་དུ་བཏང་སོང་ལ་མ་འོངས་པ་ལ་ཡང་གཏང་འཆར་འདུག ཚབ་ཆེ་ཙམ་ཞིག་བྱེད་ནས་བཤད་ན་མི་དེ་ཚོས་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་ཀྱི་ཡོད་དམ་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་ཆེད་དུ་གཏོར་གྱི་ཡོད་དངོས་གནས་ཤེས་ཁག་པོ་འདུག དྲ་གྲོགས་མང་པོ་ཞིག་གིས་བཀའ་བློན་ཁྲི་པ་དེ་ཉམས་མྱོང་ཅན་ཞིག་དགོས་པའི་རེ་འདུན་བཏོན་འདུག ཉམས་མྱོང་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས། ༧རྒྱལ་བ་རིན་པོ་ཆེའི་དགོངས་པ་སྒྲུབ་པའི་ཉམས་མྱོང་དེ་ང་ཚོའི་བོད་གཞུང་གི་ལས་བྱེད་བྱེད་མྱོང་མཁན་ནང་ཧ་ཅང་ནས་དཀོན་པོ་རེད། དགོངས་པ་གཏོར་མཁན་གྱི་ཉམས་མྱོང་དགོས་ན་མུ་མཐུད་ནས་མི་སྣ་རྙིང་པ་དེ་ཚོ་བླུག་དང་ཁོ་ཚོ་ལ་དངོས་གནས་ལོ་ངོ་ལྔ་བཅུར་སོག་པའི་ཉམས་མྱོང་ཡོད་རེད། དྲ་གྲོགས་ཚོ་། ང་ཚོས་རིག་པ་གྲུང་སི་བྱེད་དམིགས་རྒྱང་རིང་སི་བྱེད་ནས་རྡ་རམ་ས་ལའི་ཆབ་སྲིད་པ་དེ་ཚོའི་གཡོ་འོག་ཏུ་མ་ཚུད་པ་ཞིག་བྱེད་ནས་ཐེངས་རྗེས་མ་བཀའ་བློན་ཁྲི་པ་ངེས་པ་དུ་འཛམ་གླིང་ཤེས་ཡོན་པ་དེ་ཚོ་དང་ཆབ་སྲིད་པ་དེ་ཚོའི་ཁྲོད་གོམ་ཁ་མཉམ་དུ་སྤོ་ཐུབ་མཁན་ཞིག་བླུག་དགོས།

བགྲོ་གླེང་མུ་མཐུད་རོགས།