དྲྭ་སྒམ་ནང་གི་ལྟད་མོ།
འགའ་ཞིག་རང་གི་འདོད་ཕྱོགས་བསམས་ནས་ཡོད་ཚད་རང་ཕྱོགས་འཁྲིད་ཐབས་བྱས།།
འགའ་རེས་གཞུང་དོན་འཁུར་དུ་འཁྱེར་ནས་འབྱུང་འགྱུར་རེ་བའི་སྙིང་གཏམ་གླེང་།།
འགའ་ཞིག་ཚིགས་བཅད་དམ་དུམ་ཞིག་གི་རང་ཉིད་སྣང་བ་རླུང་གིས་སྤུར།།
འགའ་ཞིག་གཞན་ལ་དུང་བ་ཆེ་བས་སེམས་འཕྲིན་དམར་པོ་ཤོག་ཐོག་ཕབ།།
འགའ་རེས་སྣང་བ་དག་པའི་ཚུལ་གྱིས་གཞན་སྐྱོན་འདོན་པའི་ལས་ལ་བྲེལ།།
འགའ་རེས་རང་དོན་ཁོག་ཏུ་སྦས་བཞིན་གཞན་དོན་སྒྲུབ་ཁུལ་སྣང་བ་སྤྲོ།།
ཡ་མཚན་ཅན་གྱི་ལྟད་མོའི་སྒྱུ་འཕྲུལ་དེ་རིང་འདི་ན་མཐོང་རྒྱུ་གདའ།།
ལ་ལ་སྐྱོ་གདུང་སེམས་ཀྱིས་མནར་བས་རྗེས་དྲན་དད་པའི་མིག་ཆུ་ཕབ།།
ལ་ལ་ཚོར་བས་སེམས་ཁམས་མྱོས་པས་སྙན་ཚིག་དུམ་བུ་འདི་ན་བཀྲ།།
ལ་ལ་རང་སེམས་སྤྲོ་སྣང་ཞིག་གིས་སྐྱིད་པའི་གཞས་འདི་ན་བཀོད།།
ལ་ལ་སྣང་བ་རླུང་ལ་བསྐུར་ནས་དྭངས་གཙང་ཟིན་བྲིས་ཁོར་ཡུག་འདི།།
ཡིག་ནོར་ཅན་གྱི་གད་སྙིགས་མང་པོའི་དྲི་མས་བདག་གི་ཀླད་རྩ་འགེབས།།
ཧ་ཧ་འདི་ཡང་རྩེད་མཚར་ཚུལ་གྱིས་རང་གི་བློ་གྲོས་རྒྱས་ཕྱིར་ཡིན།།
ནོར་བར་མཆིས་ན་བཟོད་པར་གསོལ་གྱིས་ལམ་སྟོན་བཀའ་སློབ་རྒྱུན་མར་དབབ།།
༢༠༡༠ ༧ ༡༢ ཉིན།།