རྒྱ་ནག་རེད་དམ། དགྱ་ནག་རེད།
རྒྱ་ནག་གི་ཚབ་ཏུ་དགྱ་ནག་ཟེར་ནས་བྲིས་པ་མཐོང་བས་གློ་བུར་དུ་བསམ་ཚུལ་ཞིག་འབྲི་འདོད་སྐྱེས། སྔོན་དུས་ཀྱི་རྒྱ་ནག་དང་དགྱ་ནག་སྐོར་གྱི་དཔྱད་བརྗོད་དེའི་ནང་དོན་ཞིབ་ཚག་པོ་དྲན་གྱི་མི་འདུག་སྟེ་གང་དྲན་པ་དེ་ཞུས་ན། རྒྱ་ནག་ལ་དགྱ་ནག་ཟེར་དགོས་དོན་ནི། དོན་དངོས་སུ་<རྒྱ་ནག་དེ་བོད་ཀྱི་དགྲ་>ཡིན་པ་དང་། བོད་དམངས་ཁྲོད་དང་ལྷག་དོན་མདོ་སྨད་ཕྱོགས་ནས། དགྲ་ལ་དགྱ་ཞེས་ཀློག་སྲོལ་ཡོད་པས། རྒྱ་ནག་ཟེར་བ་ནི་དགྲ་དེའི་ཀློག་སྲོལ་དེ་དགྱ་ཡིན་པ་གཞིར་བཞག་ནས། རྒྱ་ཟེར་བ་འདི་གྲུབ་ནས་འདིའི་མཐར་ན་ནག་དེ་བརྒྱབ་སྐབས་རྒྱ་ནག་ཆགས་པ་ཡིན་ཟེར། དོན་དངོས་འདིའི་དོན་ནི་དགྲ་ཡིན་པ་དང་འདི་ཡང་དགྱ་ཞེས་ཀློག་དགོས་པས། དགྱ་ནག་འདི་གྲུབ་པ་ཡིན་ཟེར་ནས་དེང་སྐབས་ཚོགས་པ་ཟེར་ཟུང་གིས་ལས་ཤོག་ནང་འབྲི་ཡི་ཡོད་པས་ཚད་ལྡན་ཡིན་མིན་ལ་ཞིབ་འཇུག་བྱེད་ན་མ་གཏོགས། རི་བོང་ཅལ་འདྲོགས་བྱེད་ན་སྐད་ཡིག་ལ་རྨས་སྐྱོན་གཏོང་སྲིད། ངས་འདི་ནས་དྲི་བའི་ཐོག་ནས་དོགས་སློང་འགའ་བྱེད་ཀྱི་ཡིན། ལོ་རྒྱུས་ཐོག་རྒྱ་བོད་དགྲ་ཁ་གཏད་མ་ཆགས་པའི་སྔོན་ནས་རྒྱ་ནག་ཟེར་བ་འབོད་སྲོལ་ཡོད་པས། གལ་སྲིད་རྒྱ་དེ་དགྲ་ཡི་དོན་ཡིན་ན་རྒྱ་བོད་དགྲ་མ་ཆགས་པའི་སྔོན་དུ། བོད་པས་རྒྱ་ནག་གམ་དགྲ་ནག་ཡང་ན་དགྱ་ནག་ཟེར་ནས་དེ་ལྟར་དམིགས་འཛུགས་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ། བོད་ཀྱི་གསུང་རབ་ཚད་ལྡན་ཁག་ནང་འདིའི་ཟུར་ཙམ་ཡང་ཐོན་མྱོང་མེད་པའི་རྒྱུ་ཚན་གང་ཡིན་ནམ། ཐོན་མིའི་ཞལ་ལུང་སོགས་སུ་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་ཚིག་འགྲེལ་ལུང་རིག་གང་ལ་མི་འགལ་བ་བརྒྱབ་ཡོད་པས། རྒྱ་དེ་དགྱ་ཡིན་ཟེར་མཁན་ཚོས་འདིའི་དགོངས་པ་ཇི་ལྟར་འགྲེལ་རྒྱུ་ཡིན་ནམ། གལ་སྲིད་དགྲ་དེ་དགྱ་ཡིན་པ་དག་ན། སྐྲག་ལ་སྐྱག་ཀློག་པ་དང། འགྲོ་ལ་འགྱོ་ཀློག་པ་དེ་སྒྲ་དག་པ་ཡིན་པའི་ཁུངས་ལུང་ག་རེད་ཡོད་ན། བོད་ཀྱི་སྤྱིར་སྐད་དང་བརྡ་སྤྲོད་སོགས་ལ་མཐུན་ན་ཡུལ་སྐད་གང་ཡིན་ཡང་སྤྱིར་སྐད་རང་བཞིན་གྱི་ཆགས་རྒྱུ་ཡིན་པ་ལས། ཡོངས་སུ་གྲགས་པའི་སྤྱིར་སྐད་ཚད་ལྡན་ཁུངས་ལུང་མེད་པ་ཡུལ་སྐད་ནང་མར་འཁྱེར་སོང་ན། དུང་དཀར་དང་ཉན་ཤུལ། དགེ་ཆོས་སོགས་ཀྱི་བཀའ་ལུང་བཞིན་ཡུལ་ལུང་གི་ཕལ་སྐད་སྤྱིར་སྐད་དང་མཉམ་སྲེལ་བྱེད་པ་མང་དྲགས་ན། ལོ་བརྒྱ་ཕྲག་འགའི་རྗེས་ནས་བོད་ཀྱི་བཀའ་བསྟན་གྱི་གོ་བ་བརླགས་ནས་བེད་མེད་ཆགས་ཀྱི་རེད་གསུང་པ་ལྟར་ཡིན་པས། ཡིད་གཟབ་བྱེད་དགོས་པ་ལས་རི་བོང་ཅལ་འདྲོགས་མ་བྱེད་ཅིག