ཁྱད་མཚར་བའི་འོས་གཞི་འདོན་སྟངས།

ཚང་མས་ཤེས་གསལ་ལྟར་ད་བར་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་འདོན་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནི། ༡ བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང། ༢ བོད་ཀྱི་བུད་མེད་ཚོགས་པ། ༣ བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ། ༤ མངའ་རིས་སྤྱི་མཐུན་ཚོགས་པ། ༥ དབུས་གཙང་དབུས་རྒྱུན་ལས་ཁང། ༦ མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་ཁང། ༧ མདོ་སྨད་དབུས་རྒྱུན་ལས་ཁང། ༨ ཚོགས་པའི་མིང་མི་གསལ་བའི་མདོ་སྨད་མི་མང་ཁག་ཅིག་གིས་མདོ་སྨད་ཀྱི་སྤྱི་འཐུས་འོས་གཞི་བཏོན་པ་བཅས་ཁག་བརྒྱད་བྱུང་བ་དང། དེ་བཞིན་མི་སྒེར་གྱིས་འོས་གཞི་བཏོན་ནས་ཁྱབ་བསྒྲགས་བྱེད་མཁན་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་དང། གསར་ཤོག་དང་ཟིན་བྲིས་སོགས་སུ་སྒེར་གྱིས་འོས་མི་དམིགས་འཛུགས་བྱེད་མཁན་བྱུང་དང་འབྱུང་བཞིན་པ་རེད།

ཚོགས་པ་དེ་དག་གིས་འོས་མི་འདོན་སྟངས་ནི་ཧ་ཅང་ཁྱད་མཚར་ཞིག་རེད། ཕལ་ཆེར་ཚང་མས་ཞེན་ཁོག་གཙོ་བོར་བྱས་པ་མ་གཏོགས། བོད་སྤྱིའི་བདེ་སྡུག་ལ་བསམ་བློ་གཏོང་མཁན་ཤིན་ཏུ་དཀོན་པོར་མཐོང། ངས་དཔེ་མཚོན་ཞིག་བཞག་ན། དུས་རྒྱུན་དུ་གང་ཟག་སྒེར་པ་རེ་ཟུང་མ་གཏོགས་དབུས་གཙང་རྒྱུན་ལས་དང་མི་མང་རྣམས་ནི་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་དང། དབུ་མའི་ལམ་ལ་ཤར་བསྐྱོད་བྱེད་ཀྱི་ཟེར་མཁན་ཡིན་ཡང་བཀའ་ཁྲིའི་འོས་མིར་བཏོན་པའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི། རང་ཐག་རང་གཅོད་ཀྱི་ཆབ་སྲིད་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་པ་མ་གཏོགས། དབུ་མའི་ལམ་དུ་ཤར་བསྐྱོད་བྱེད་ཀྱི་ཡིན་ཞེས་གསུང་མྱོང་མེད་མཁན་ཞིག་རེད། གནས་སྟངས་དེ་ལ་བལྟས་ན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དབུས་གཙང་ཆོལ་ཁོངས་ཀྱི་མི་ཞིག་ཡིན་པའི་ཞེན་ཁོག་གཙོ་བོར་བཟུང་བ་མ་གཏོགས། དབུས་གཙང་དབུས་རྒྱུན་ལས་ལ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཞིག་མེད་པ་གསལ་སྟོན་བྱས་པ་རེད།

དེ་བཞིན་མདོ་སྟོད་ཆུ་སྒང་གིས་བཏོན་པའི་འོས་མི་ཚོར་བལྟས་པ་ཡིན་ན། ཆུ་སྒང་རང་ཉིད་ཀྱི་ལྟ་བ་ལངས་ཕྱོགས་དེའི་ཕྱོགས་སུ་ཤར་བསྐྱོད་བྱེད་མཁན་རྐྱང་རྐྱང་མ་གཏོགས་མཐོང་རྒྱུ་མེད་པ་མ་ཟད། ཆུ་སྒང་གསར་རྙིང་གི་སོ་སོའི་ཕྱོགས་གཏོགས་ཡིན་མིན་གྱི་དབྱེ་བ་གསལ་པོ་ཕྱེས་པ་ཞིག་ལས། བོད་སྤྱི་པའི་རྩ་དོན་ཟེར་བ་ཞིག་དེའི་ནང་ནས་མངོན་རྒྱུ་གང་ཡང་མེད། དེ་བཞིན་མདོ་སྨད་དང། ཆབ་སྲིད་བཙོན་ཟུར་ཚོགས་པ་སོགས་ཀྱིས་ཀྱང་སོ་སོའི་ཕྱོགས་སུ་གཏོགས་པ་ཞིག་མ་གཏོགས་གཞན་འོས་མིར་བཏོན་མེད་པ་ཁ་གསལ་གོ་བདེ་རེད་འདུག

མ་གཞི་བསམ་བློ་གང་ཞིག་བཏང་ཡང་གནས་སྟངས་འདི་དག་ལས་བརྒལ་བའི་ཧ་ཅང་སྔོན་ཐོན་དང་དྲང་བདེན་གྱི་འོས་གཞི་ཞིག་སུ་གཅིག་གིས་འདོན་ཐུབ་རྒྱུ་ཁག་པོ་རེད། གང་ཡིན་ཞེ་ན། ཚོགས་པ་དེ་དག་སོ་སོའི་ཕྱོགས་གཏོགས་ལ་བརྟེན་ནས་འཚོ་དགོས་པས་ཕྱོགས་གཏོགས་ཀྱི་བསམ་བློ་ལས་འགལ་བའི་ལས་ཀ་ཞིག་ཚོགས་པ་སོ་སོའི་ངོས་ནས་ལག་བསྟར་བྱེད་རྒྱུ་ཁག་པོ་རེད། གང་ལྟར་ལུང་ཚན་འཐེན་འཁྱེར་གྱིས་བོད་ཀྱི་རྩ་དོན་འགྲུབ་རྒྱུ་ཞིག་ཡོད་ན་བཙན་བྱོལ་ནང་དུ་ཧུར་ཐག་རེད་འདུག དེ་མིན་བོད་སྤྱི་པའི་རྩ་དོན་ཞེས་པ་གཞུང་སྒེར་ཚོགས་པ་དང། མི་སྒེར་རེ་རེ་ནས་ག་ཚད་ཅིག་སྒྲུབ་ཀྱི་ཡོད་མེད་བཤད་ཚོད་ཁག་པོ་རེད།

མདོར་ན་གོང་གི་གནད་དོན་དེ་དག་ལས་བཟང་ཕྱོགས་སུ་གོ་བ་ཞིག་ལེན་ཆོག་པ་ནི། ང་ཚོ་ཚོགས་པ་རྣམས་ཀྱི་རང་མདོག་འདི་འདྲ་བ་ཞིག་མ་གཏོགས་སྟོན་རྒྱུ་ཅི་ཡང་མེད་པས་མཐའ་མའི་ཐག་གཅོད་དེ་མི་མང་གིས་བྱེད་རོགས་ཞེས་པ་དེ་རེད། དེར་བརྟེན་བཙན་བྱོལ་ནང་གི་ཚོགས་པ་ཟེར་བ་དེ་ཚོའི་རང་གཟུགས་གསོན་པོ་མི་མང་ལ་དམར་རྗེན་དུ་བསྟན་ཚར་བ་རེད། ད་བསམ་བློ་གཏོང་ས་ཞིག་ཡོད་པ་ནི། རྒྱ་ཆེའི་མི་མང་རྣམས་ཀྱིས་ཚོགས་པ་དེ་དག་གི་རྐུབ་ལ་ཤི་འཐམ་རོ་འཐམ་བྱེད་རྒྱུ་ཡིན་མིན་དང། མི་མང་ཚང་མ་ཚོགས་པ་གཅིག་གི་ལངས་ཕྱོགས་འོག་ཏུ་འདུ་དགོས་པའི་བསམ་ཚུལ་བཟུང་མཁན་ཚོའི་དཔུང་པའི་འོག་ཏུ་འཛུལ་རྒྱུ་ཡིན་མིན། རང་ཚུགས་ཀྱི་བསམ་བློའི་དབྱེ་ཞིབ་མེད་པར་གཞན་གྱི་བརྒྱུད་སྐུལ་འོག་ཏུ་འགྲོ་རྒྱུ་ཡིན་མིན་གྱི་བསམ་བློ་གནད་ལ་ཕིག་པ་ཞིག་གཏོང་བའི་དུས་ལ་སླེབས་འདུག །