བཀའ་བློན་གྱི་ལུང་བསྟན་བསྐྱར་དུ་རྒྱག་གི་ཡིན།

དབུས་གཙང་གི་མི་གཅིག་མེ་ཏོག་གི་ཁ་གཏད་ལངས་ནས་བཀའ་ཁྲིའི་འོས་གཞི་ནང་འཛུལ་ཞུགས་བྱེད་དགོས་པ་རེད། གང་ཡིན་ཟེར་ན་དབུས་གཙང་གི་བཀའ་ཁྲིའི་འོས་གཞི་ནང་མི་གཉིས་ཆགས་ནས་འོས་གཞི་ཁ་འཐོར་འགྲོ་ཡི་རེད། དེ་ནི་རང་བཞིན་གྱིས་མདོ་སྟོད་ཀྱི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་འབྲུག་གྲགས་ལ་རྒྱབ་སྐྱོར་ཆགས་འགྲོ་ཡི་རེད། གཉིས་པ། དབུས་གཙང་གི་བཀའ་ཁྲིའི་འོས་གཞི་གཏོར་ཆེད་དུ་འཚང་ག་རྒྱག་མཁན་དེ་སྤྱི་འཐུས་ལས་ཐོག་དེ་འདྲ་ཡིན་ན་དཀའ་ངལ་གཅིག་ཡོད་རེད། ཡང་ན་སྤྱི་འཐུས་ཀྱི་གོ་གནས་དེ་བློས་གཏོང་བྱེད་དགོས་རེད། ཡང་ན་་རེ་བ་གཞན་དག་གཅིག་ལ་རྒྱག་དགོས་རེད། གང་ཡིན་ཟེར་ན་བཀའ་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞི་གཉིས་ཀའི་འོས་བསྡུ་དུས་གཅིག་ལ་འཁེལ་གྱི་ཡོད་པས། བཀའ་སྤྱི་གང་རུང་གི་ཞབས་སྟེགས་ལ་འཛུལ་ཞུགས་བྱེད་དགོས་པ་མ་གཏོགས་གཉིས་ཀར་འཚང་ག་རྒྱག་ཆོག་གི་མ་རེད། གསུམ་པ། དེས་ན་དབུས་གཙང་གི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་མེ་ཏོག་གི་ཁ་གཏད་ལོངས་མཁན་ལ་བཀའ་ཁྲི་རེ་བ་མེད་ཀྱང་། སྡེ་ཚན་གང་རུང་ཞིག་གི་བཀའ་བློན་ཆགས་ཐུབ་རྒྱུའི་རེ་བ་ཡོད། གང་ཡིན་ཟེར་ན། དབུས་གཙང་གི་བཀའ་ཁྲིའི་འོས་གཞིར་འཚང་ག་རྒྱག་མཁན་དེ། ངེས་པར་དུ་མདོ་སྟོད་ཀྱི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་འབྲུག་གྲགས་ལ་ནང་མོལ་བྱེད་དགོས། དཔེར་ན། འཚང་མཁན་གྱིས་འབྲུག་གྲགས་ལ། ཁྱེད་ཀྱིས་ཁ་གཏད་ལོངས་བཞིན་པའི་དབུས་གཙང་གི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་མེ་ཏོག་གི་འོས་གཞི་ཁ་འཐོར་ཆེད་དུ། ངས་སྤྱི་འཐུས་ཀྱི་གོ་གནས་བློས་གཏོང་ནས་དབུས་གཙང་གི་བཀའ་ཁྲིའི་འོས་གཞིའི་ནང་འཚང་ག་རྒྱག་ནས་ལོངས་ཀྱི་ཡིན། སྐབས་དེར་མེ་ཏོག་གི་འོས་གཞིར་ཁ་འཐོར་འགྲོ་བ་དང། འབྲུག་གྲགས་ཁྱེད་རང་ལ་བཀའ་ཁྲིའི་རྒྱལ་ཁ་ཐོབ་ཐོབ་པ་རེད། ཁྱེད་རང་ལ་བཀའ་ཁྲིའི་རྒྱལ་ཁབ་ཐོབ་པ་དང། འཚང་ག་རྒྱག་མཁན་ང་ལ་ངེས་པར་དུ་བཀའ་བློན་གང་རུང་ཞིག་གིས་གོ་གནས་སྤྲོད་དགོས་ཟེར་ནས་སྔོན་འགྲོའི་ཆ་རྐྱེན་བཏོན་དགོས་པ་རེད། སྐབས་དེར་མདོ་སྟོད་ཀྱི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་འབྲུག་གྲགས་ཀྱིས་ཁས་ལེན་བྱེད་ཀྱི་རེད། གང་ཡིན་ཟེར་ན། འབྲུག་གྲགས་ཀྱི་ཁ་གཏད་དབུས་གཙང་གི་བཀའ་ཁྲིའི་འོས་གཞིའི་ནང་ཡོད་པའི་མེ་ཏོག་གི་འོས་གཞི་ཁ་འཐོར་བའི་ཐབས་ལམ་བཟང་ཤོས་དེ་ཆགས་ཀྱི་ཡོད་པས་རེད། བཞི་པ། དེང་སྐབས་སྤྱི་འཐུས་ལས་ཐོག་པ་མང་པོ་ཞིག་གིས་བཀའ་བློན་ལངས་ཀྱི་ཡིན་ཟེར་ནས། ལས་འགུལ་སྤེལ་དང་སྤེལ་བཞིན་པ་ཚོས་རེ་བ་འདི་ལྟར་དང། ནང་མོལ་འདི་ལྟར་བྱེད་ནས་འགྲོ་ཡི་ཡོད་ཚོད་རེད། སྤྱི་འཐུས་ལས་ཐོག་པ་ཆོལ་ཁ་གང་གི་ཁོངས་སུ་གཏོགས་ན། དེས་ཁོ་རང་གི་ཆོལ་ཁའི་བཀའ་ཁྲིའི་འོས་གཞི་གཏོར་ཆེད་དུ་བཀའ་ཁྲིའི་འོས་གཞིའི་ནང་འཛུལ་བྱེད་ཀྱི་རེད། བདེན་དང་མི་བདེན་རྗེས་མ་དངོས་གཞིའི་སྐབས་ལ་གཟིགས་དང་མཁྱེན་གྱི་རེད། དེས་ན་བོད་གཞུང་གི་སྡེ་ཚན་གང་རུང་ཞིག་གི་བཀའ་བློན་བྱེད་འདོད་ན། ཕྱོགས་གཅིག་ལ་ལངས་ནས་བཀའ་ཁྲིའི་འོས་གཞི་གཏོར་ཐབས་བྱེད་དགོས། འདི་ནི་ནག་ཚོང་ཡིན་པས་གཟབ་གཟབ་བྱེད་དགོས། མི་མང་ལ་གོ་མ་བཅུག་མ་གཏོགས་ཁྱེད་རང་ཉེས་ཅན་པ་དང། མི་མང་བསླུ་བྲིད་བྱེད་མཁན་ཆགས་ཀྱི་ཡོད་པས་ལུང་བསྟན་རྒྱག་མཁན་གྱིས་འགན་ལེན་བྱེད་ཀྱི་མ་རེད་དཱ།