སེམས་བཟང་ཅན་གྱི་དབྱིན་མོ་དང་། ཁ་ཆར་བུ་ཡུག་ཁྲོད་ཀྱི་སྐྱབས་བཅོལ་བའི་དཀའ་སྡུག

རྐང་ལག་ལ་གངས་ཀྱིས་གནོད་སྐྱོན་ཕོག་པའི་བོད་རིགས་ན་གཞོན་མང་པོ་དང་ཐུག་ཡོད་པ་དང་། དེ་བཞིན་བོད་དུ་སྣེ་ཤན་པ་སྐལ་བཟང་འཇིགས་མེད་དང་ལྷན་དུ། བོད་ཀྱི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་བྱེད་སྐབས་རྒྱ་མིའི་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཉིན་གྲངས་འགའ་བཀག་ཉར་དང་སྣེ་ཤན་པ་ལོ་གཉིས་བཙོན་འཇུག་བྱས་ཡོད་པ་རེད། ལྕམ་ཁོང་དང་། ཁོང་གིས་བཟོ་གནང་བའི་དངོས་བྱུང་གི་གློག་བརྙན། ད་དུང་ <བོད་བདེ་མོ་བྱོས་>ཟེར་བའི་དཔེ་དེབ་སོགས་ཀྱིས་བོད་ནང་གི་དཀའ་ངལ་དང་དམིགས་བསལ་གྱིས་ཁ་ཆར་རླུང་འཚུབ་ཀྱི་ཁྲོད་ནས་སྐྱབས་བཅོལ་དུ་ཡོང་བཞིན་པའི་བོད་ཕྲུག་ཚོའི་སྐོར་འཛམ་གླིང་ཐོག་ཁྱབ་བསྒྲགས་ཤུགས་ཆེ་གནང་དང་གནང་བཞིན་པ་ཡིན།

ཨི་པོ་ཆི་དུས་བབ། ཕ་མ་ཚོས་ཧི་མ་ལ་ཡའི་རི་བོ་བརྒྱུད་ནས་རང་ཉིད་ཀྱི་ཕྲུ་གུ་སྐྱབས་བཅོལ་ལ་བཏང་པ་དེ་ནི་ང་ཚོར་འཆར་སྣང་བྱེད་དཀའ་བ་ཞིག་རེད།

ལྕམ་མ་རཱི་བྷི། ཧི་མ་ལ་ཡའི་རི་བོ་བརྒྱུད་ནས་ཡོང་མཁན་ཕྲུ་གུ་གཅིག་པོ་མ་རེད། ད་དུང་གྲྭ་བ་དང་ཨ་ནེ། སྐྱབས་སྲིད་སྐྱབས་བཅོལ་བ། ལོ་རྒན་པ་ཉེན་ཁ་ཅན་བཅས་ཡོད་པ་རེད། དེ་དག་གིས་མི་ཚེ་དེ་ཕྱི་ལོག་༸ཏཱ་ལའི་བླ་མ་མཆོག་དང་ཉེ་སར་སྡོད་ནས་སྐྱེལ་རྒྱུར་རེ་སྨོན་བྱེད་ཀྱི་ཡོད་པ་དང་། ད་དུང་༸ཏཱ་ལའི་བླ་མ་མཆོག་མཇལ་ནས་ཕྱིར་རང་ཡུལ་དུ་ལོག་མཁན་གནས་སྐོར་བའང་ཡོད་རེད། གཞོན་ནུ་ལྔས་ཧི་ལ་ཡའི་གངས་བརྒྱུད་སྐབས་ཉི་འགོག་མིག་ཤེལ་ཆ་གསུམ་ལས་མེད་པ་དང་། གངས་ཀྱིས་མིག་ལོང་བའི་ཉེན་ཁ་ལས་སྐྱོབས་ཆེད་དུ་མིག་ཤེལ་ཆག་གྲུམ་དུ་བཏང་ནས། མིག་ཡ་རེར་ཉི་འགོག་གི་ཤེལ་སྒོ་རེ་གོན་ནས་མིག་ཡ་གཅིག་འགྱིག་ཁུག་གིས་བཀག་ནས་ཡོང་བ་རེད།

ཨི་པོ་ཆི་དུས་བབ། ཁོ་ཚོ་རྒྱུ་མཚན་གང་ལ་བརྟེན་ནས་དེ་ལྟར་ཡོང་གི་ཡོད་རེད།

ལྕམ་མ་རཱི་བྷི། དུས་ཚོད་མང་པོ་ཞིག་ལ་དེ་ལྟར་ཡོང་བསྡད་པ་དེ་ནི་དཔལ་འབྱོར་མཁོ་སྒྲུབ་བསྒྱུར་བཅོས་ལ་བརྟེན་ནས་ཡོང་གི་ཡོད་རེད། རྒྱ་ནག་གི་ནུབ་བརྒྱུད་ཐོན་སྐྱེད་ཆེན་པོའི་ལས་འཆར་དེའི་འོག་ནས། བོད་མི་ཚོར་ཁེ་ཕན་གང་ཡང་མེད་ཐོག་རྒྱ་རིགས་བོད་ཀྱི་ས་ཁུལ་དུ་གནས་སྡོད་བྱེད་མཁན་ལས་བོད་མི་ཚོས་ཁྲལ་མང་དུ་སྤྲད་དགོས་ཀྱི་ཡོད་པ་དང་། དམིགས་བསལ་གྱིས་གྲོང་གསེབ་ཁག་གིས་སྤྲོད་དགོས་ཀྱི་ཡོད། དེ་བཞིན་བོད་མི་ཚོ་ཚུལ་མཐུན་གྱི་ལས་མི་ཆགས་རྒྱུར་གོ་སྐབས་ཉུང་ཉུང་དང་། སློབ་གྲྭ་དང་གཙུག་ལག་སློབ་གྲྭ་ཆེན་པོ་བཅས་སུ་འཛུགས་རྒྱུའི་གོ་སྐབས་བཟང་པོ་ཐོབ་རུང་། རྗེས་སུ་ལས་ཀ་རག་རྒྱུ་ཧ་ཅང་ཁག་པོ་ཡོད་རེད། ངས་བཙན་བྱོལ་བ་མི་སུ་ལ་སྐད་ཆ་བཤད་རུང་། “ལམ་ལུགས་དེ་ལ་ནོར་འཁྲུལ་ཞིག་འདུག རྒྱ་གཞུང་གིས་ང་ཚོ་དངུལ་སྤྲོད་མཁན་བཟོ་ཡི་འདུག”ཅེས་བརྗོད་བྱུང་། ནང་མི་འགའ་རེས་མ་གཏོགས་ལམ་ལུགས་དེ་བརྒྱུད་ཐུབ་ཀྱི་ཡོད་མ་རེད། གྲོང་གསེབ་ཁུལ་གྱི་སློབ་གྲྭ་རྣམས་ནི་གཏན་འབེབས་ཀྱི་ཁྲིམས་གཞི་ཧ་ཅང་ཚད་གཞི་དམའ་བོ་དང་། སློབ་གྲྭས་ག་རེ་བྱེད་དགོས་ཀྱི་ཡོད་མེད་ལ་འགན་ལེན་བྱེད་ཀྱི་ཡོད་མ་རེད། ཁྱིམ་ཚང་འགའ་རེ་ཧ་ཅང་སྐྱོ་པོ་ཡིན་པས་རང་ཉིད་ཀྱི་ཕྲུ་གུ་ལ་ལྟོ་སྤྲོད་ཐུབ་ཀྱི་ཡོད་མ་རེད། གནས་སྟངས་དེ་འདྲའི་འོག་ནས་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་རྒྱ་གཞུང་གི་ཁྱབ་བསྒྲགས་འོག་ནས་ཐར་འདོད་བྱེད་དེ་བོད་མི་མཚན་ཉིད་ཚང་བ་ཞིག་ཆགས་འདོད་ཡོད་པ་རེད། ངའི་བསམ་པ་ཨ་མ་ཚོས་རང་གི་ལུང་པ་ལས་ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཁྱིམ་སྡེའི་ནང་། ཕྲུ་གུའི་མི་ཚེ་བཟང་བ་ཡོང་གི་རེད་བསམ་ནས་དེ་ལྟར་བློས་གཏོང་བྱེད་ཀྱི་ཡོད་རེད་དྲན་གྱི་འདུག

ཨི་པོ་ཆི་དུས་བབ། ངས་ག་འདྲ་བྱེད་ནས་ཕྲུ་གུ་ཚོ་གྲོས་ཡོང་བ་དངོས་སུ་མཐོང་གི་རེད།

ལྕམ་མ་རཱི་བྷི། ཕྲུ་གུ་ཚོ་འགྲུལ་བཞུད་བྱེད་པའི་སྐབས་ཁེར་རྐྱང་ཡོང་གི་མ་རེད། སྣེ་ཤན་པའི་རོགས་རམ་ལ་བརྟེན་ནས་བཙན་བྱོལ་ལ་ཡོང་གི་ཡོད་པ་རེད། ཡིན་ནའང་མི་འདིའི་རིགས་ཚང་མས་ཕྲུ་གུ་ཚོ་དང་འབྲེལ་བ་འོས་འཚམས་ཤིག་བྱེད་ཐུབ་ཀྱི་ཡོད་མ་རེད་ལ། འདི་ལ་དམིགས་བསལ་གྱི་འཇོན་ཐང་དང་ཁྱད་ཆོས་དགོས་ཀྱི་ཡོད་རེད། སྣེ་ཤན་པས་ཕྲུ་གུ་ལྔ་སྐྱེལ་འདྲེན་བྱེད་སྐབས་མི་རྒན་པ་ལྔ་ཙམ་ལམ་སྟེང་ནས་རོགས་པ་བྱེད་དགོས་ཀྱི་ཡོད་པ་དང་། བོད་ཀྱི་ས་ཁུལ་ནས་གངས་འཛེགས་བྱེད་དུས་ཕྲུ་གུ་གངས་ཁྲོད་དུ་བྱིང་འགྲོ་བའི་ཉེན་ཁ་ཆེ་བས། མི་རྒན་པ་ཚོས་འཁྱེར་ནས་ཡོང་དགོས་ཀྱི་ཡོད་པ་རེད།

ཨི་པོ་ཆི་དུས་བབ། སྡེབ་ཐོན་བྱེད་མཁན་ཚོ་དུས་ཚོད་ག་ཚོད་འགོག་གི་ཡོད་རེད།

ལྕམ་མ་རཱི་བྷི། ལམ་ཁྲིད་ལ་རག་ལས་ཀྱི་ཡོད་རེད་མ་གཞི་ཉུང་མཐའ་ལའང་ཉིན་གྲངས་༡༤ འགོག་གི་ཡོད་པ་དང་མང་པོ་ཞིག་ཉིན་གྲངས་༢༢ ཙམ་འགོག་གི་ཡོད་རེད།

ཨི་པོ་ཆི་དུས་བབ། ཁོ་ཚོའི་ལག་ཆ་ག་འདྲ་ཡོད་རེད།

ལྕམ་མ་རཱི་བྷི། སྐྱོ་པོ་རེད་ཞེ་དྲག་སྐྱོ་པོ་རེད། རྩེད་མོའི་ལྷམ་གོ་ཞིག་གོན་ནས་རློན་པ་མི་ཆགས་པའི་ཆེད་དུ་འགྱིག་ཁུག་གིས་བསྡམས་ཀྱི་ཡོད་རེད། ཁོ་ཚོར་མལ་ཆས་ཁུག་མ་ sleeping bags. ནི་ཡོད་མ་རེད། མལ་ཆས་ཀམ་པ་ལེ་རྣམས་མཉམ་དུ་སྒྲོག་སྟེ་སྒང་ནས་འགྱིག་གི་ཁུག་མ་མང་པོ་གཡོག་གི་རེད། སྡོད་གནས་གྲ་སྒྲིག་དེ་འདྲ་ཞིག་གི་འོག་ནས་མི་གཉིས་གསུམ་ལྷན་དུ་ཉལ་ནས་དྲོད་འཁོར་ཐབས་བྱེད་ཀྱི་ཡོད་པ་དང་། བྲག་དང་གཡང་གཟར་ནས་སྐྱོབ་བྱེད་ཐག་པ་ནི་རྩ་བ་ནས་ཡོད་མ་རེད།

ཨི་པོ་ཆི་དུས་བབ། ཁ་ལག་ག་འདྲ་རེད་དམ།
ལྕམ་མ་རཱི་བྷི། ཁོ་ཚོས་ཅ་དངོས་རྣམས་བཙོང་གི་ཡོད་རེད། གང་ཡིན་ཞེ་ན། རྒྱང་རིང་གི་འགྲུལ་བཞུད་སྐབས་འདང་ངེས་ཤིག་འཁྱེར་ཐུབ་རྒྱུ་མི་སྲིད་པ་རེད། སྐྱབས་བཅོལ་བ་ཚོ་མཐར་རང་ཉིད་ཀྱི་འགྲོ་ཡུལ་དུ་སླེབས་སྐབས་ཟས་ཆད་ནས་ཡོང་གི་ཡོད་རེད་ལ། ད་དུང་འགྲུལ་བཞུད་དེའི་རིང་ཆུའང་འདང་ངེས་ཤིག་རག་གི་ཡོད་མ་རེད།

ཨི་པོ་ཆི་དུས་བབ། ཕྱོགས་གཞན་ཞིག་ནས་ཁོ་ཚོས་ཉེན་ཁ་ཆེན་པོ་ཞིག་ལ་གདོང་ལེན་བྱེད་ཀྱི་ཡོད་པ་རེད། མ་རེད་དམ།

ལྕམ་མ་རཱི་བྷི། བོད་མི་ཚོའི་ཕྱོགས་ནས་འཇུ་བཟུང་བྱེད་མི་ཡོང་ངམ་སྙམ་པའི་ཉེན་ཁ་དང་། ཡང་ན་རྒྱ་མིའི་ཉེན་རྟོག་པའི་གོ་མཚོན་གྱིས་གསོད་པའི་ཉེན་ཁ་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད་རེད།

ཨི་པོ་ཆི་དུས་བབ། བལ་ཡུལ་དུ་ཁོ་ཚོ་བདེ་འཇགས་ཡིན་ནམ།
ལྕམ་མ་རཱི་བྷི། བལ་ཡུལ་དུ་གདོང་ལེན་བྱེད་དགོས་ས་མང་པོ་ཡོད་རེད། ང་བལ་ཡུལ་གྱི་ཕྱོགས་མཐའ་ནས་ཡོང་པའི་སྐབས། ལམ་ཁ་སོགས་ལ་ཧ་ཅང་གི་དཀའ་ངལ་ཆེན་པོ་འདུག རི་བོ་ཇོ་མོ་གླང་མའི་གཞིས་གྲོང་གཡས་གཡོན་དུ་ཡོད་པའི་ལམ་ཁ་ལྟར་མི་འགྲོ་སའི་ལམ་ཁ་མི་འདུག་ལ། གྲང་རང་ལྡན་པའི་འཁྱག་རོམ་གྱིས་འགྲོ་ལམ་འཕྲད་གཅོད་བྱས་པ་བཅས་ལ་ང་ཧོན་འཐོར་སོང་། ངས་འགྲོ་ལམ་འདི་འདྲའི་ཐོག་ཏུ་ཕྲུ་གུ་དེ་དག་ཇི་ལྟར་གསོན་པོ་གནས་ཐུབ་ཡོད་ན་བསམ་བྱུང་། དངོས་གནས་ཡིད་ཆེས་དཀའ་བ་ཞིག་རེད་འདུག ངའི་བསམ་པར་ཕ་མ་ཚོས་ཕྲུ་གུ་གཏོང་པའི་སྐབས་གནས་སྟངས་འདི་ཤེས་རྟོགས་མེད་ནས་བཏང་པ་ཞིག་རེད་དྲན་གྱི་འདུག མི་རྣམས་ཆུར་བྱིང་ནས་ཤི་བ་དང་ཡང་ན་འཁྱག་ཤི་འཐེབས་པ་བཅས་ནི། དང་ཐོག་བལ་ཡུལ་གྱི་ས་ཁུལ་ཕྱོགས་ནས་བྱུང་གི་ཡོད་པ་རེད།

ཨི་པོ་ཆི་དུས་བབ། ཕྲུ་གུ་རྣམས་མི་རྒན་པ་ལས་འཆི་མགྱོགས་པ་ཡོད་དམ།

ལྕམ་མ་རཱི་བྷི། ཡིན་དང་ཡིན་ཕྲུ་གུའི་ནང་ནས་བུ་མོ་དང་པོ་འཆི་ཡི་ཡོད་རེད་ལ། བུ་ལས་བུ་མོའི་གཟུགས་གཞི་གྲང་མགྱོགས་པ་ཡོད་རེད། ངས་ནན་བརྗོད་བྱེད་དགོས་པ་གཅིག་ལ་འདི་ཕྲུ་གུ་ཕོན་ཆེན་ཤི་བའི་སྒྲུང་མ་རེད། ཡིན་ནའང་ཕྲུ་གུ་འགའ་རེ་ལ་འདི་ལྟར་འབྱུང་གི་ཡོད་པ་རེད།

ཨི་པོ་ཆི་དུས་བབ། སྣེ་ཤན་པ་ག་དུས་ཡིན་ནའང་ཡོད་རེད་དམ།

ལྕམ་མ་རཱི་བྷི། སྣེ་ཤན་པ་ག་དུས་ཡིན་ན་ཡོད་རེད་ལ་སྣེ་ཤན་པ་དེ་དག་ལ་ལམ་ཁར་རྒྱུས་མངའ་ཆེན་པོ་ཡོད་རེད། དེ་བཞིན་ཁྲིད་གླ་ལེན་གྱི་ཡོད་རེད། གལ་སྲིད་སྣེ་ཤན་པ་འཇུ་བཟུང་བྱེད་པ་ཡིན་ན་ལོ་འགའ་བཙོན་དུ་བཅུག་ཐོག་ཉེས་བརྡུང་མནར་གཅོད་གཏོང་གི་ཡོད་རེད། བཙན་བྱོལ་ལ་འགྲོ་མཁན་ཚོའང་བོད་མི་བཅུག་སའི་བཙོན་ཁང་གི་མིང་ལ་“བོད་མི་དགའ་བསུའི་ལྟེ་གནས་ཁང་”ཟེར་བའི་ནང་བཅུག་གི་ཡོད་རེད། མིང་ལ་འདི་ནི་བཙུན་ཁང་ལ་ལྡོག་ཕྱོགས་སུ་བཏགས་པ་ཞིག་རེད། བཙན་བྱོལ་ལ་འགྲོ་མཁན་ཚོ་ཟླ་གྲངས་འགའ་བཙོན་འཇུག་བྱས་ཏེ་ཉེས་བརྡུང་མནར་གཅོད་གཏོང་གི་ཡོད་པ་རེད།

ཨི་པོ་ཆི་དུས་བབ། ཕྲུ་གུའི་ཁྱིམ་སྡེའི་ནང་ག་རེ་འདྲ་པོ་ཡོད་རེད་དམ།

 

 

ལྕམ་མ་རཱི་བྷི། སྤྱི་བཏང་ནས་ཡག་པོ་རེད་ཕྲུ་གུ་གྲངས་༡༦༠༠༠ ཙམ་བོད་ཕྲུག་ཁྱིམ་སྡེ་ཁག་དགུའི་ནང་བགོས་འགྲེམས་ཀྱིས་བསྡད་ཀྱི་ཡོད་རེད། བོད་ཕྲུག་ཁྱིོམ་སྡེ་དེ་ SOS-Children’s Villages  ཟེར་བའི་ཁྱིམ་སྡེས་བཙུགས་ཏེ་མཉམ་དུ་ཁྱིམ་ཚང་ཨ་མའང་ཡོད་པ་རེད། ཁྱིམ་སྡེ་དེར་བོད་ཕྲུག་རྣམས་གཞིས་རིམ་གོང་མའི་སློབ་གཉེར་ཆ་ཚང་མ་ཚར་བར་དུ་སློབ་སྦྱོང་གི་དུས་ཚོད་ཡོད་པ་དང་། ད་ལྟའི་སྐབས་ལ་༸ཏཱ་ལའི་བླ་མ་མཆོག་གི་སྲིང་མོས་བོད་ཕྲུག་ན་གཞོན་དེ་དག་ལ་མཐོ་རིམ་གི་སློབ་སྦྱོང་ཐོབ་ཆེད་དུ། མཐོ་རིམ་སློབ་གྲྭ་གསར་རྒྱག་ལ་སྐུ་ལས་བསྐྱོན་གྱི་ཡོད་རེད།

ཨི་པོ་ཆི་དུས་བབ། ཁྱེད་རང་བོད་མིའི་གཤིས་སྤྱོད་གང་ལ་དགའ་སྣང་འདུག

ལྕམ་མ་རཱི་བྷི། བོད་མི་དེ་དག་གི་ཆོས་སེམས་དང་རང་བཞིན་གྱི་སྐྱིད་སྣང་དེས་ང་ལ་བག་ཆགས་ཆེན་པོ་བཞག་བྱུང་། བོད་མི་དེ་དག་གི་མི་ཚེའི་རིན་ཐང་དེ་གཞན་གྱི་ཐོག་ཏུ་སྡུག་དཀའ་ལས་བརྒྱབ་ཐུབ་ཀྱི་ཡོད། སྐལ་བཟང་འཇིགས་མེད་ལྟ་བུ་ཆར་མཚོན་ན། གང་ཟག་བྱེ་བྲག་པ་གཅིག་གི་ལས་དེ་རྩ་ཆེན་མི་བརྩི་བར། ངས་ངའི་མི་ཚེ་འདི་༸ཏཱ་ལའི་བླ་མའི་ཆེད་དུ་གཏོང་རྒྱུ་གྲ་སྒྲིག་ཡོད་ཅེས་འདི་འདྲ་བརྗོད་ཀྱི་ཡོད་རེད་ལ། ཁྲོམ་གཞུང་དུ་མངོན་གསལ་ཅན་ཆགས་ཀྱི་ཡོད་རེད། དཔེར་ན། གྲྭ་བཙུན་ཚོས་བཙོན་འཇུག་དང་བརྡུང་རྡེད་ཀྱི་ཉེན་ཁ་དང་ལེན་བྱས་ནས་ཁྲོམ་གཞུང་དུ་ཡོང་གི་ཡོད་རེད། ངས་ཆེས་གུས་བརྩི་བྱེད་ས་ཁོ་ཚོའི་སྙིང་སྟོབས་དེ་རེད།

ཨི་པོ་ཆི་དུས་བབ། ཁྱེད་རང་གིས་བོད་པའི་ན་གཞོན་དེ་ཚོར་ཇི་ལྟར་བྱས་ནས་ཐུག་འཕྲད་བྱས་པ་ཡིན། ཁྱེད་ཀྱིས་༸ཏཱ་ལའི་བླ་མ་ཁོང་དང་མཇལ་ཁ་ནི་ཞུས་མྱོང་ཡོད་མ་རེད། ད་ལྟའི་ཆར་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཆབ་སྲིད་ལམ་ལུགས་ཀྱིས་བོད་ཀྱི་ས་ཁུལ་མང་པོ་སྟངས་འཛིན་བྱེད་ཀྱི་ཡོད་རེད་ལ། དེ་བཞིན་དུ་བོད་མི་ཚོས་ཉིན་རེ་བཞིན་རང་ཉིད་ཀྱི་རིག་གཞུང་བོར་བརླག་ཤོར་འགྲོ་ཡི་ཡོད་རེད།

ལྕམ་མ་རཱི་བྷི། ཕྱི་ལོ་༢༠༠༧ ལོར་གངས་རིའི་ཁྲོད་དུ་ང་ལ་ན་གཞོན་ལྔ་ཐུག་སོང་། དེ་དག་གིས་ཁོ་རང་ཚོར་བསམ་གཞིག་ག་རེ་འདྲ་བྱས་ཡོད་ན་གངས་རིའི་ཁྲོད་དུ་འགྲུལ་བཞུད་བྱེད་རྒྱུ་དེ་ཡིད་མ་ཆེས་བ་དེ་འདྲ་རེད། དེ་དག་རང་ཡུལ་ནས་ཐོན་དགོས་དོན་ནི་རྒྱ་གཞུང་གི་དྲིལ་བསྒྲགས་ཀྱིས་འདོད་བློ་མ་ཚིམ་པ་དང་། ན་གཞོན་དེ་དག་གིས་༸ཏཱ་ལའི་བླ་མ་མཆོག་རྩ་བ་ནས་མཇལ་མྱོང་ཡོད་མ་རེད། ངའི་བསམ་པར་རྒྱ་ནག་དམག་གཞུང་རིང་ལུགས་ཀྱིས་དེ་དག་གི་ངོ་བོ་བསྒྱུར་ཐབས་དང་། དབང་བསྒྱུར་ལ་བརྟེན་ནས་འདི་ལྟར་ཡོང་གི་ཡོད་པ་རེད། དེ་ཙམ་མིན་པ་ཁོ་ཚོས་རྒྱུན་ལྡན་ནས་གནས་ཚུལ་གང་འབྱུང་གི་ཡོད་མེད་ཤེས་ཀྱི་ཡོད་རེད། གནད་དོན་དེས་ང་ལ་རྒྱ་ནག་ཏུ་ཨོ་རྩེད་ཆེན་པོའི་སྐབས་ག་རེ་འབྱུང་གི་ཡོད་མེད་བསམ་ཚུལ་བྱིན་བྱུང་།

ཨི་པོ་ཆི་དུས་བབ། བོད་ཀྱི་ཆོས་ལུགས་ཕྱོགས་སུ་ཁྱེད་ལ་ཚོར་སྣང་ག་རེ་ཡོད་དམ།
ལྕམ་མ་རཱི་བྷི། ངས་ནང་ཆོས་ལ་ཞིབ་འཇུག་བྱས་པ་ཡིན། ཡིན་ནའང་ང་ཡི་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་ལ། རང་ཉིད་ཀྱི་ཆོས་ལུགས་ལ་དད་པ་བརྟན་པོ་ཡོད། ཡིན་ནའང་ངས་རྟག་ཏུ་ཕྲུ་གུ་ཚོར་རང་ཉིད་ཀྱི་རིག་གཞུང་གི་རྒྱུ་ནོར་ལ་ངེས་པར་དུ་གཅེས་སྲུང་བྱེད་དགོས་པ་བརྗོད་ཀྱི་ཡོད། ང་རང་ཉིད་ནང་པར་བསྒྱུར་འདོད་ཀྱི་བསམ་བློ་དེ་འདྲ་མེད་མོད། ངས་མི་དེ་དག་ཆོས་ལུགས་ཀྱི་དད་པ་དང་འབྲེལ་ལམ་ཤུགས་ཆེར་ཡོད་པ་ཚོར་སྣང་བྱུང་ལ། ང་ཚོ་ཡི་ཤུ་པར་རང་ཉིད་ཀྱི་ཆོས་ལུགས་ལ་དད་པའི་ཕྱོགས་ནས་དེ་འདྲའི་འབྲེལ་ལམ་ཤུགས་ཆེར་མེད་པའི་སྐྱོན་ཆ་ཡོད། དེ་བཞིན་༸ཏཱ་ལའི་བླ་མའི་རྗེས་འབྲང་པ་ཕོན་ཆེན་ཡོད་པར་ང་དགའ་སྣང་སྐྱེས་ཀྱི་འདུག བསམ་བློས་ཞིབ་འཇུག་ཡག་པོ་བྱས་ན་ང་ཚོ་ལའང་རང་ཉིད་ཀྱི་དད་པ་དང་རིག་གཞུང་ཡོད་པ་རེད།

ཨི་པོ་ཆི་དུས་བབ། གཅིག་བྱས་ན་འདི་ཞིབ་འཇུག་རིགས་ཤིག་གི་རྙེད་དོན་ཡིན་རྒྱུ་རེད།

ལྕམ་མ་རཱི་བྷི། འདིར་ང་ཚོ་ཡོ་རོབ་ནང་གི་མི་མང་ཡིན་ན་༸ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་འབྲང་ནས་བདེ་སྐྱིད་ལ་སོགས་ཐོབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད། ཡིན་ནའང་ད་དུང་ཨིན་ཊར་མར་ཆ་ཊལ་Untermarchtal ནང་་ཡོད་པའི་བཙུན་དགོན་སི་ཝ་བྷན་ Swabian  ལ་ནམ་འགྲོ་ན། ཁྱེད་ཀྱིས་བདེ་སྐྱིད་དང་དགོད་སྒྲ་རྙེད་ཀྱི་རེད་ལ། ང་ཚོར་འདི་འདྲའི་ཁྱིམ་གཞིས་ཡོད་རེད། འདི་དག་ནི་ངའི་ཚོར་སྣང་ཙམ་ཡིན།

ཨི་པོ་ཆི་དུས་བབ། བཅར་འདྲི་དང་ལེན་བྱས་པ་ཐུགས་རྗེ་ཆེ།