བོད་མི་ཞིག་གིས་འཛམ་གླིང་གི་ཟིན་ཐོ་གསར་པ་གཏོད་པ།

jamyang dorjeeསྤྱིར་འཛམ་གླིང་གི་ཟིན་ཐོ་གསར་པ་གཏོད་རྒྱུ་ནི་བྱིས་པའི་རྩེད་མོ་ལྟ་བུ་ཞིག་གཏན་ནས་མིན་པར། དེ་བསྒྲུབ་པའི་ཆེད་དུ་དོ་བདག་གི་ངོས་ནས་དཀའ་བ་ཁྱད་བསད་ཀྱིས་ཉིན་མཚན་དབྱེར་མེད་དུ་འབད་བརྩོན་རྒྱུན་མ་ཆད་པ་བྱེད་དགོས་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད།

དེ་ཡང་ཟླ་འདིའི་ཚེས་ཤར་ལ་འཛམ་གླིང་ཟིན་ཐོ་ཚོགས་པ་(World Records Academy) ཞེས་པ་དེའི་དྲ་རྒྱའི་ནང་གསལ་ལྟར་ན། དགུང་ལོ་ང་དྲུག་ལ་ཕེབས་པའི་བོད་མི་ཡིག་གཟུགས་སྒྱུ་རྩལ་བ་ལྕགས་རི་ཤར་འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་མི་ཊར་ ༡༦༣.༢ ཅན་གྱི་ཤོག་དྲིལ་རིང་པོའི་ཐོག་ཏུ་བོད་ཀྱི་ཡིག་གཟུགས་འདྲ་མིན་ཕྱག་བྲིས་གནང་བ་དེ་ནི། འཛམ་གླིང་ཐོག་ཡིག་གཟུགས་ཀྱི་ཤོག་དྲིལ་གསར་ཤོས་དང་རིང་ཤོས་དེ་ཆགས་ཡོད་པ་རེད།

ཁོང་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ལྡུམ་རྭ་ཞིག་གི་ཐང་དཀྱིལ་དུ་ཤོག་བྱང་དེ་འགྲེམས་སྟོན་གནང་ཡོད་པ་དང། དྲིལ་ཤོག་ནར་མོ་དེའི་སྟེང་མཁས་གྲུབ་སུམ་ཅུ་སོ་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཆེད་དང། ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པའི་ཆེད་དུ་བརྩམས་པའི་སྨོན་ཚིག་རྣམས་ཁོང་གིས་ཡིག་གཟུགས་ཚུགས་རིང་དང། ཚུགས་ཐུང། དེ་བཞིན་ཚུགས་མ་འཁྱུག་དང་འཁྱུག་ཡིག་སོགས་ཕྱག་བྲིས་གནང་ཡོད་པ་རེད།

ཕྱག་ལས་དེ་ལེགས་འགྲུབ་བྱུང་བར་ཟླ་དྲུག་ཙམ་འགོར་ཡོད་པ་དང། བཙན་བྱོལ་དུ་གནས་པའི་བོད་མི་སྦར་མོ་གང་ཙམ་གྱི་ཁྲོད་ནས་འདི་ལྟ་བུའི་བྱས་རྗེས་བཟང་པོ་ལ་བསྟོད་བསྔགས་དང་ལེགས་སོ་བྱེད་འོས་པ་ཞིག་ཆགས་ཡོད་པ་རེད།

jamyangdorjee 2འཇམ་དབྱངས་རྡོ་རྗེ་ལགས་ཀྱིས་ཤོག་དྲིལ་རིང་པོ་དེ་བལ་ཡུལ་དུ་ཡོད་པའི་བོད་པའི་ཤོག་བུའི་བཟོ་གྲྭ་ཞིག་ནས་བཟོས་པའི་བོད་ཤོག་རྣལ་མ་ཡིན་སྐོར་ཡང་བརྗོད་འདུག དེ་སྔོན་ཤོག་དྲིལ་དེ་ཐོག་མར་བསྟན་འཛིན་རྒྱ་མཚོ་སློབ་གཉེར་ཁང་ཞེས་པ་དེའི་ནང་སྔ་འགྱུར་རྙིང་མའི་བླ་ཆེན་བསོད་རྒྱལ་རིན་པོ་ཆེ་དང། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རྣམ་གཉིས་ལ་སྤྱན་འབུལ་ཞུས་ཡོད་པ་རེད།

འཇམ་དབྱངས་རྡོ་རྗེ་ལགས་ནི། བོད་ཀྱི་རྒྱལ་ས་ལྷ་སར་འཁྲུངས་པ་དང། ང་དགུའི་དུས་འགྱུར་རྗེས་སུ་རྒྱ་གར་བྱང་ཕྱོགས་སིམ་ལ་དང། མཱ་སུ་རིར་སློབ་གཉེར་གནང་མྱོང་ཡོད་འདུག དེ་རྗེས་འབྲས་ལྗོངས་མངའ་སྡེའི་གཞུང་གི་གཞུང་ཞབས་ཀྱི་ཐུགས་འགན་བཞེས་པ་དང། དེ་མཚུངས་བོད་གཞུང་ཟློས་གར་གི་འགན་འཛིན་དང། འཕགས་བོད་འབྲེལ་མཐུད་ཁང་གི་འགན་འཛིན་སོགས་ལོ་མང་རིང་ཞབས་ཕྱི་ཞུ་མྱོང་བ་ཞིག་ཡིན་པ་རེད། ད་ལྟའི་ཆར་བལ་ཡུལ་དུ་བོད་མིའི་སྒྱུ་རྩལ་དང་རིག་གཞུང་སྲུང་སྐྱོབ་ཁང་ཞེས་པ་དེའི་ནང་ས་གནས་ལས་འཆར་འབྲེལ་མཐུད་ཀྱི་ཐུགས་འགན་བཞེས་བཞིན་ཡོད་པ་རེད།།

{jcomments on}