ག་རེ་བྱས་ནས་བཀའ་བློན་ཁྲི་བ་རྩོད་ཀྱིན་འདུག་གམ།
ཤ་དང་རུས་པའི་གཏིང་གི་ནུས་ཤུགས་ཕྱུང་ནས།།
བློ་དང་རིག་པའི་དབྱིངས་ཀྱི་ཤེས་རྒྱ་ཕུད་དེ།།
ཕོ་རྒོད་ལྷག་བསམ་ཅན་ཞིག་མདུན་ལ་ཐོན་དུས།།
ལྷན་ཚོགས་རྒྱབ་རི་མེད་སྟབས་ཐང་ལ་ལྷུང་བྱུང་།།
རྗེས་མའི་ལམ་ཁ་མུན་ནག་གཉན་འཕྲང་ཡིན་ན།།
དཔའ་རྒོད་དར་མའི་བྱུས་ཀྱི་འགོ་འདྲེན་ལོས་དགོས།།
བློ་ཤེད་ངར་མའི་རང་ཚུགས་ཅན་ཞིག་ལོས་དགོས།།
དམངས་དང་མཚུངས་པའི་ཐོབ་ཁུངས་ཅན་ཞིག་ལོས་དགོས།།
ཁ་སང་སྔོན་མའི་རྡོག་རྗེས་རི་མོ་བལྟས་ན།།
ཕུ་ནུ་དཀྲུག་པའི་བསམ་སྦྱོར་མེད་མཁན་འདུག་གམ།།
རང་ཁེ་གཉེར་བའི་ལྐོག་བྱུས་གཤོམ་མཁན་འདུག་གམ།།
ཚུགས་ཀ་མེད་པའི་སྨྱོན་པའི་ཟོལ་འདྲ་འདུག་གམ།།
སྤྱི་དོན་ཡངས་པའི་ཐང་ཆེན་སྟེང་ལ་བལྟས་ན།།
སྤྱི་རྒྱུའི་མེ་ཏོག་སྐེ་ནས་གཅད་མཁན་འདུག་གམ།།
སྤྱི་ཆུ་སྔོན་མོ་རང་ཁྱིམ་འདྲེན་མཁན་འདུག་གམ།།
སྒེར་གྱི་སྐྱག་པ་ཐང་ལ་གཡུག་མཁན་འདུག་གམ།།
རང་ལ་དག་པའི་ཁང་ཆུང་ནང་ལ་ལྟོས་དང་།།
རང་ཁྱིམ་དྲོན་མོ་དྲོད་ཀྱིས་སྐྱོང་མཁན་འདུག་གམ།།
རང་གི་གཟའ་ཟླ་གཏན་གྲོགས་ཐུབ་མཁན་འདུག་གམ།།
རང་གི་འཚོ་བའི་ཕུ་ཐག་ཆོད་མཁན་འདུག་གམ།།
བཀའ་བློན་ཁྲི་བ་ཆོས་ལྡན་བོད་ཀྱི་དཔོན་རེད།།
དཔོན་གྱི་བཀོད་བྱུས་མགོ་ནག་མི་ཡི་སྲོག་རེད།།
སྲོག་གི་རིན་ཐང་བཀའ་བློན་ཁྲི་བས་མཁྱེན་དགོས།།
མཁྱེན་པ་རློམ་བའི་ཁ་སང་མེ་ལོང་བལྟ་དགོས།།
གཞན་གྱི་མགོ་བོ་འཁོར་ལོ་བཞིན་དུ་སྐོར་ཡང་།།
ཁོང་ལ་དག་པའི་རང་གི་ཐོབ་ཐང་ལོས་ཡིན།།
རང་ལ་དབང་བའི་འོས་ཤོག་རྐང་གཅིག་བླུགས་དུས།།
རང་ཉིད་མ་ནོར་གནམ་འོག་བོད་ཀྱི་མགོན་རེད།།
དྲ་ཐོག་གི་བཀའ་བློན་ཁྲི་བའི་རྩོད་གླེང་སྐོར་མཐོང་སྐབས། ཐོལ་བྱུང་གི་ཚོར་བ་གང་དྲན་དུ་སྤེལ།