ཕ་མ་གཅིག་པའི་བོད་ཀྱི་བུད་མེད་གཉིས་ལ་ཧ་ཝར་ཌིས་ཆེ་བསྟོད་མཚན་གནས་ཕུལ།
ཨ་རིའི་ཧར་ཝར་ཌི་ཁྲིམས་ལུགས་སློབ་གྲྭས་མ་གཅིག་ཚོགས་པ་འཛུགས་མཁན་ཕ་མ་གཅིག་ལས་མཆེད་པའི་བོད་ཀྱི་བུད་མེད་བློ་བཟང་རབ་རྒྱས་དང་བཀྲ་ཤིས་རབ་རྒྱས་གཉིས་ལ་སྤྱི་ཚོགས་ཞབས་ཞུའི་ལས་དོན་གྱི་ཐོག་ནས་ཆེ་བསྟོད་མཚན་གནས་ཕུལ་ཡོད་འདུག
ཨ་རིའི་ཧར་ཝར་ཌི་ཁྲིམས་ལུགས་སློབ་གྲྭའི་བུད་མེད་ཁྲིམས་ལུགས་ཚོགས་པས་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་ལོ་འཁོར་པར་རིས་འགྲེམས་སྟོན་ཐེངས་༥ པ་འཚོགས་བཞིན་པའི་ཐོག བུད་མེད་བྱས་རྗེས་ཅན་༢༥ ཡི་འདྲ་པར་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་། དེའི་ནང་མ་གཅིག་(Machik) ཁེ་མེད་ཚོགས་པ་འཛུགས་མཁན་བོད་ཀྱི་བུད་མེད་གཉིས་འདེམས་ཐོན་བྱུང་ཡོད་འདུག་ཅིང་། ཁོང་གཉིས་འདེམས་ཐོན་བྱུང་དོན་ནི་བོད་ནང་དུ་སྤྱི་ཚོགས་ཞབས་ཞུ་དང་། ཤེས་ཡོན་སློབ་གསོ་སྤེལ་བ་ལ་བརྟེན་ནས་ཡིན་འདུག འགྲེམས་སྟོན་དེའི་ནང་ཚུད་མཁན་གྱི་ཁྲོད་དུ། སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་གྲགས་ཅན་མི་སྣ་ཡང་ཡོད་འདུག
དེ་ཡང་བོད་ཀྱི་བུད་མེད་བློ་བཟང་རབ་རྒྱས་ནི་མ་གཅིག་ཚོགས་པ་གསར་འཛུགས་བྱེད་མཁན་ཞིག་དང་། ཤེས་ཡོན་སློབ་གསོ་དང་ནུས་ཤུགས་གོང་སྤེལ་གྱི་ཐོག་ནས་བོད་ནང་སྤྱི་ཚོགས་ཞབས་ཞུའི་ལས་གཞི་སྣ་མང་གསར་སྤེལ་བྱེད་མཁན་ཞིག་ཡིན་འདུག་པ་མ་ཟད། མོས་ཕོ་མོ་འདྲ་མཉམ་དང་། རིག་གནས་མི་འདྲ་བ་མཉམ་གནས་བྱེད་ཐབས་བཅས་ཀྱི་ཐོག་བོད་ནང་ལས་གཞི་འདྲ་མིན་སྤེལ་བ་ལ་བརྟེན་ནས་ཆེ་བསྟོད་འགྲེམས་སྟོན་ནང་བདམས་ཐོན་བྱུང་ཡོད་འདུག་ཅིང་། དེ་བཞིན་བཀྲ་ཤིས་རབ་རྒྱས་ཡང་མ་གཅིག་ཚོགས་པ་གསར་འཛུགས་བྱེད་མཁན་དང་། རྗོར་ཇི་ཝ་ཤིང་ཊོན་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ལས་དོན་གྱི་ཞིབ་འཇུག་པ་དང་བོད་དོན་ལས་གཞིའི་འགན་འཛིན་ཡིན་འདུག་ཅིང་། མོས་བོད་ནང་ཤེས་ཡོན་སློབ་གསོའི་ལས་གཞི་གསར་སྤེལ་དང་། ནུས་པ་སྐྱེད་སྲིང་བྱས་པ་བཅས་ལ་བརྟེན་ནས་ཆེ་བསྟོད་ཀྱི་འགྲེམས་སྟོན་ནང་བདམས་ཐོན་བྱུང་ཡོད་འདུག
མ་གཅིག་ཞེས་པའི་ཁེ་མེད་ཚོགས་པ་དེ་ཐོག་མར་ཕྱི་ལོ་༢༠༠༢ ལོར་གསར་འཛུགས་བྱས་ཡོད་པ་དང་། ཚོགས་པའི་དམིགས་ཡུལ་ནི་བོད་ནང་དུ་ཤེས་ཡོན་གྱི་གོ་སྐབས་གསར་སྐྲུན་བྱེད་རྒྱུ་དང་། ནུས་ཤུགས་གོང་འཕེལ་གཏོང་རྒྱུ་གཉིས་ཡིན་འདུག་ཅིང་། ཚོགས་པ་འདི་བཙུགས་ནས་བཟུང་བོད་ནང་སྤུས་ཚད་ལྡན་པའི་སློབ་གྲྭ་གསར་འཛུགས་དང་། འཐུང་ཆུ་གཙང་མའི་མཐུན་སྦྱོར་། འཕྲོད་བསྟེན་ལྟ་སྐྱོང་། མི་དབུལ་པོ་དང་རྒས་འཁོགས་ཀྱི་བདེ་དོན་ལ་ལྟ་རྟོགས་དང་ཁང་པ་ཞིག་གསོ་སོགས་ལས་གཞི་སྣ་ཚོགས་པའི་ཐོག་ནས་སྤྱི་ཚོགས་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་ཡིན་འདུག
འགྲེམས་སྟོན་འདི་ནི་ཕྱི་ཟླ་༢ པའི་ཕྱི་ཚེས་༢༦ ཉིན་འགོ་འཛུགས་ཀྱིས་ཕྱི་ཟླ་༣ པའི་ཕྱི་ཚེས་༩ ཉིན་མཇུག་སྒྲིལ་གྱི་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།