འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་བར་བཀའ་ཤག་གི་འཚམས་འཕྲིན།

འཚམས་འཕྲིན་ནང་དུ་འཁོད་དོན། བོད་མདོ་སྨད་ཆོལ་ཁའི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་འབྲུག་ཆུ་རྫོང་དུ་ཆུ་རུད་ཀྱི་འཇིག་པ་བྱུང་སྟེ་མི་གྲངས་༡༢༧ ཙམ་རྐྱེན་འདས་སུ་གྱུར་བ་དང། མི་གྲངས་སྟོང་ཙམ་གར་སོང་ཆ་མེད་དུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བློ་ཕམ་ཞུ་བཞིན་པ་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང། ལུས་སེམས་དཀའ་ངལ་འོག་གནས་བཞིན་པ་རྣམས་མྱུར་དུ་དྲག་སྐྱེད་ཐུབ་པ་དང་ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་བསྐྱར་གསོ་གང་མགྱོགས་ཡོང་ཆེད་སྨོན་ལམ་ཞུ་བཞིན་ཡོད།

གོད་ཆག་འོག་རྐྱེན་འདས་སོང་བ་རྣམས་ཀྱི་རྣམ་ཤེས་ཞི་བདེའི་ངང་གནས་པ་དང་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཐུབ་ཆེད་ཕྱི་ཟླ་༨ ཚེས་༡༠ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་༨ ཐོག་བཀའ་ཤག་གིས་གོ་སྒྲིག་འོག་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་རྣམས་ཚང་འཛོམས་ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་སྨོན་ལམ་འཚོགས་རྒྱུ་ཡིན་པ་བཅས་ཞེས་འཁོད་ཡོད་པ་རེད།།

{jcomments on}